ཨ་ཕ་ལགས། དུ་བ་འཐེན་མི་རུང་།

རྩོམ་པ་པོ།   གླིང་ཚེ་བྷ།  ཡིག་བསྒྱུར།       དུས་ཚོད།   2022-08-30   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

ཁ་སང་ནི་གཟའ་མཇུག་གི་དུས་ཚོད་ཡིན་པས། ངས་ལོ་བཞི་ལ་སོན་མ་ཐག་པའི་བུ་མོ་སྒྲོལ་དཀར་ཁྲིད་ནས་ཤམ་བྷ་ལ་སྤྱི་གླིང་དུ་འཆམ་འཆམ་ལ་སོང་།  རེ་ཞིག་སྤྱི་གླིང་ནང་གི་སྤྱི་པའི་ཁོར་ཡུག་ཏུ་དུ་བ་འཐེན་མི་ཆོག་པའི་བརྡ་རྟགས་ཤིག་མཐོང་མ་ཐག    བུ་མོས་ཨ་ཕ་ལགས།   དུ་བ་འཐེན་མྱི་དགའ་རེད་ཅེས་བཤད་བྱུང་།    ངས་དུ་བ་འཐེན་མི་ཉན་པའི་རྒྱུ་མཚན་ཅི་ཡིན་ཞེས་ཀུ་རེའི་ཚུལ་དུ་དྲིས་པ་ན།  ཁོ་མོས་གཟབ་ནན་གྱི་ངང་ནས་དུ་བའི་ནང་དུ་དུག་ཡོད་པ་རེད།   དེ་ནི་ཤིན་ཏུ་རྩོག་པ་ཅན་ཞིག་རེད།   འཐེན་རྒྱུ་མང་ན་ལུད་རྒྱ་ལངས་ངེས་རེད་ཅེས་བཤད་བྱུང་།   སྐད་ཆ་འདིས་ང་ལ་སེམས་འགུལ་ཐེངས་ཤིག་བསླངས་པའི་ཞོར་ལ།   ངས་ཀྱང་བུ་མོར་སྔོན་ཆད་ཞིག་ལ་ཨ་ཕས་དུ་བ་འཐེན་མྱོང་ཚུལ་དང་རྗེས་ནས་དུ་བ་བཅད་ཚུལ། མ་འོངས་པར་མི་འཐེན་པའི་ཁས་བླངས་པ་ཡིན།     ཁོ་མོའི་ཁ་བརྡ་ལས་ངས་ཡང་བསྐྱར་བདེ་ཐང་གི་ཕྱོགས་ལ་བསམ་གཞིགས་ཐེངས་ཤིག་གཏོང་དགོས་བྱུང་།  

     ལོ་བཅུའི་ཡར་སྔོན་དུ་ང་ཡང་དུ་བ་འཐེན་མཁན་ཞིག་ཡིན་ལ། ལན་འགར་བཅད་ཀྱང་གཅོད་མ་ཐུབ།  འགྲོ་སོང་གི་ཆ་ནས་མ་བཤད་ཀྱང་།  དོན་དངོས་ཐོག་ཐ་མ་ཁ་ཟེར་བ་འདིས་བདེ་ཐང་གི་ཕྱོགས་ལ་མངོན་སུམ་གྱིས་གནོད་པ་བསྐྱལ་བཞིན་འདུག     རང་ངོས་ནས་བཤད་ན།   དུ་བ་འཐེན་དུས་རྣམ་རིག་མི་གསལ་བ་མ་ཟད།    མིག་ཆུ་འཁོར་སླ་ཞིང་།   ཟ་མ་ཟོས་མ་ཐག་ཅི་ཞིག་གིས་མནར་བ་བཞིན་ངེས་པར་དུ་དུ་བ་རྐང་གཅིག་འཐེན་དགོས་པ་དང་།   ད་གཟོད་སེམས་ཀྱི་འཚུབ་ཆ་དེ་ཅུང་ཙམ་འཇོག་གི་ཡོད།  དགོང་མོ་ཉལ་ཁར་རྐང་གཉིས་གསུམ་རེ་མཚམས་མ་ཆད་པར་འཐེན་དུས་ཀྱང་ཡོད།  ཚན་རིག་གི་གནས་ལུགས་ལས་ཀྱང་།  དུ་བ་འཐེན་ན་གློ་སྙིང་ལ་གནོད་པ་ཚབས་ཆེན་བཟོ་བཞིན་པ་གསུང་ཡོད་ལ།  དུ་བའི་ཉེས་དམིགས་ལས་བདེ་ཐང་ལ་གནོད་པ་ཚབས་ཆེན་བཟོ་བཞིན་པ་སུས་ཀྱང་ཤེས་གསལ་རེད།   གོམས་ལོབས་སུ་སོང་ཡོད་ན།  དུ་བ་གཅོད་རྒྱུ་ནི་ལས་སླ་བོ་ཞིག་གཏན་ནས་མིན། འདི་ལ་ངེས་པར་དུ་ངེས་ཤེས་གསལ་བོ་ཞིག་དང་ཆོད་སེམས་བརྟན་པོ་ཞིག་དགོས་འདུག   རང་ཉིད་ཀྱི་བདེ་ཐང་དང་།    ཡང་ཁྱིམ་ཚང་གི་བཟའ་མི་ཡོངས་ཀྱི་བདེ་ཐང་གི་ཆེད་དུ་ངེས་པར་དུ་དུ་བ་གཅོད་པའི་དགོས་པ་ཤིན་ཏུ་ཆེ་ཨང་།     

     དུ་བ་འཐེན་མི་རུང་བའི་གནས་ལུགས་འདི་བུ་མོས་གང་ནས་ཤེས་རྟོགས་བྱུང་བ་ཡིན་ནམ་ཞེས་ང་ལ་མཚར་སྣང་ཞིག་ཀྱང་ངང་གིས་སྐྱེས།ངས་བསམ་ན།  དེ་ཡང་ཁྱིམ་ཚང་སློབ་གསོ་ཞེས་པའང་ཁྱིམ་བདག་རང་ཉིད་ནས་མགོ་བརྩམས་ཏེ་ཡ་རབས་དང་དྲང་བདེན་གྱི་ལམ་ལ་སྙེགས་པ་ཡིན་ན།   ཕྲུ་གུ་ཚོས་ཀྱང་ཁྱིམ་ཚང་གི་ཁོར་ཡུག་ནས་བཟང་ཕྱོགས་འཚོལ་ཐུབ་པ་དང་། བཟང་ལ་སློབ་སྦྱོང་བྱེད་ཐུབ་པར་འདོད།    རང་སྡེའི་ཁ་དཔེར་ཡང་ཡ་རབས་ཚང་ལ་ལྷ་བཟོ་གསུམ།  མ་རབས་ཚང་ལ་དུ་འཐེན་གསུམ་ཟེར་བ་ལྟར།    ཁྱིམ་ཚང་གི་ཁོར་ཡུག་ན་དུ་འཐེན་གཅིག་ཡོད་པས་ཀྱང་ཤེས་མེད་ཚོར་མེད་ཀྱི་ངང་ནས་ཕྲུ་གུ་ལ་དུ་བ་དང་འབྲེལ་བའི་གནོད་པ་མང་པོ་ཞིག་འཁྱེར་ཡོང་གི་ཡོད་ལ།   མ་འོངས་པའི་དུས་ན་དུ་འཐེན་ཞིག་ཏུ་ཆགས་སྲིད་པའི་ཉེན་ཁའང་མེད་པ་ག་ལ་སྲིད།   དེ་ཡང་།   བདེན་ཅིང་འཐད་ན་བྱིས་པའི་ངག་ཀྱང་ཉོན། མི་བདེན་དོན་དང་འགལ་ན་རྒྱལ་པོའི་བཀའ་ཡང་ཞོག་ཅེས་པ་ལྟར།   ངས་ཀྱང་བུ་མོའི་བསླབ་བྱ་སེམས་ལ་བཟུང་ནས་ཕྱིས་སུ་དུ་བ་རྩ་ནས་མི་འཐེན་པའི་ཆོད་སེམས་ཤིག་སེམས་ཀྱི་གཏིང་རུམ་ལ་ཉར་བ་ཡིན།