དགུན་བསྐྱལ་བའི་ཁུག་རྟ། ༼གཏམ་རྒྱུད་ཐུང་ཡང་གནས་ལུགས་ཟབ།༽

རྩོམ་པ་པོ།   ཚེ་དོན་གྱིས་བསྒྱུར།  ཡིག་བསྒྱུར།       དུས་ཚོད།   2022-08-29   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

ནམ་ཟླ་དགུན་དུ་ཐོན་པ་ན་ས་གཞི་འཁྱགས་པས་བསྡམས་ཤིང་གྲང་ངར་ཆེ།   བྱང་ཕྱོགས་ཀྱི་གནས་མལ་ལ་སེམས་པ་ཤོར་དྲགས་པའི་ཁུག་རྟ་ཞིག་གིས་ལྷོ་ལ་འཕུར་བའི་དུས་ཚོད་ཕྱིར་འགྱངས་ལན་འགའ་བྱས།    ད་དུང་ཡང་དུས་ཚོད་ཕྱིར་འགྱངས་བྱེད་པའི་དབང་དུ་བཏང་ན་འཁྱགས་གྲིར་འཆི་བ་ལས་ཐབས་མེད་པས།   ཁུག་རྟས་སང་ཉིན་སྔ་མོར་ལམ་དུ་ཆས་རྒྱུའི་ཐག་བཅད་པ་རེད།

      ཕྱི་ཉིན་ཞོགས་པར་ཁུག་རྟ་སྔ་མོ་ནས་གཉིད་ལས་སད་པ་དང་།མིག་ཟུང་ཕྱེས་ནས་ཕྱི་རོལ་ལ་བལྟ་བའི་ཚེ་ན།   ཕྱི་རོལ་ན་ཁ་བ་འབབ་བཞིན་འདུག་ཅིང་ཁོ་ལ་དངངས་འཚབ་ཅིག་སྐྱེས།   གང་ལྟར་ཀྱང་སེམས་ཐད་བཅད་ཟིན་པས་ཁོ་རང་ཚང་ནས་བུད་དེ་ལྷོ་ཕྱོགས་སུ་འཕུར་བའི་མགོ་བརྩམས།

      ཡིན་ནའང་ཁ་བ་འབབ་ཚད་ཇེ་མཐུག་ནས་ཇེ་མཐུག་ཏུ་སོང་། ཡུན་རིང་བོར་འཕུར་ཡང་གཤོག་པ་གཉིས་ཀ་བརླན་གྱིས་བཟུང་ནས་ངལ་དུབ་ཀྱིས་རབ་ཏུ་མནར་བ་དང་།    ཤེད་ཀྱིས་འཕུར་ཡང་སྟོབས་ཀྱིས་མ་འདང་བར་སྤང་ཐང་ཞིག་ཏུ་ལྷུང་ཞིང་དྲན་པ་རྒྱལ་ནས་འགྱེད།   ཅང་མ་འགོར་བར་ཁོའི་ལུས་པོའི་མགོ་མཇུག་ཚང་མ་ཁ་བས་ཡོང་སུ་གཡོགས།     དུས་ཚོད་ཅི་ཙམ་འགོར་བ་མ་ཤེས་མོད། རེ་ཞིག་ནམ་ཟླ་དྭངས་ནས་དྲོད་འཇམ་གྱི་ཉི་འོད་ཀྱང་སྤང་ཐང་ལ་འཕྲོས།   ཏག་ཏག་སྤང་ན་རྒྱུ་བའི་འབྲི་མོ་ཞིག་གིས་ཚ་ལམ་ལམ་གྱི་ལྕི་བ་ཞིག་ཏག་ཏག་ཁ་བས་མནན་ཟིན་པའི་ཁུག་རྟའི་ལུས་ཐོག་ལ་བཏང་བྱུང་།     ལྕི་བའི་དྲོད་སྣང་ལས་འཁྱགས་གྲང་གིས་མནར་བའི་ཁུག་རྟའི་དྲན་པ་གསོས་པ་དང་སྟོབས་ཤུགས་ཀྱང་ཅུང་ཙམ་རྒྱས་ནས་ལུས་ལ་བདེ་སྣང་བྱུང་།  ཁུག་རྟས་རང་གི་བདེ་སྡུག་བརྗེད་པ་དང་བདེ་མོ་སྐྱིད་པོའི་ངང་ནས་སྐབས་ཐོག་གི་བདེ་བ་འདི་ལོངས་སུ་སྤྱོད་ཞོར་ངག་ལས་སྙན་པའི་གཞས་ཤིག་ཀྱང་ཤོར་བ་ན།   ཏག་ཏག་ལྟོགས་སྐོམ་གྱིས་མནར་བའི་བྱི་ལ་ཞིག་གིས་ཁུག་རྟའི་སྐད་སྒྲ་ཚོར་ནས་ཁུག་རྟའི་འགྲམ་དུ་སླེབས་པ་དང་།   བསམ་དབང་དྲན་དབང་མེད་པར་ལྕི་བའི་འོག་གི་ཁུག་རྟ་དྲུས་ནས་ཁ་ཟས་སུ་རོལ་བ་རེད། 

      རྒྱུན་ལྡན་འཚོ་བའི་ཁྲོད། ཁྱོད་རང་དཀའ་ལས་ལ་གཏོད་མཁན་ནི་ཁྱོད་ཀྱི་དགྲ་བོ་ཡིན་པའི་ངེས་པ་མེད་ལ།  ཁྱོད་རང་དཀའ་ཁག་གི་གནས་ནས་འདྲེན་མཁན་ནི་ཁྱོད་ཀྱི་གྲོགས་པོ་ཡིན་པའི་ངེས་པའང་མེད།   གང་ལྟར་ཀྱང་།   ཆེས་གནད་འགག་ནི་དོན་དག་ལམ་ལྷོང་མ་བྱུང་བར་འཕྲལ་མར་ཡིད་ཚིམ་པའི་བྱ་བ་ཅིས་ཀྱང་སྒྲུབ་མི་རུང་།   གལ་ཏེ་སྒྲུབ་པ་ཡིན་ན་གནོད་འཚེ་མང་པོ་ཞིག་ཀྱང་དེ་བསྟུན་གྱིས་དྲངས་ནས་ཡོང་གི་ཡོད་པས་གཟབ་དགོས་པ་ཡིན།