རྣ་བར་ཨི་ཁུང་ཕུག་ན་འགོས་ནད་འབྱུང་སྲིད་པས་གཟབ་དགོས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-08-26   རྩོམ་ཁུངས།    ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། 

        ཉེ་ཆར། ཧྲན་ཏུང་ཅི་ནན་གྱི་ལོ་18ལ་སླེབས་པའི་བུ་མོ་ཞིག་གིས་རྣ་བར་ཨི་ཁུང་ཕུག་རྗེས་འགོས་ནད་ཕོག་པ་དང་། ཉིན་འགའི་རྗེས་སུ་ཚ་བ་རྒྱས་ནས་སྨན་བཅོས་བྱས་པ་བརྒྱུད་མཆིན་པ་དང་མཁལ་མའི་ནུས་པ་ཉམས་པ་དང་ཆབས་ཅིག་མགོ་རུས་ནང་དུ་འགོས་ནད་ཕོག་ཡོད་པ་ཤེས་རྟོགས་བྱུང་བ་རེད། རྣ་བར་ཨི་ཁུང་ཆུང་ཆུང་ཕུག་པས་མཇུག་འབྲས་ངན་པ་འདི་འདྲ་འབྱུང་དོན་ཅི་ཡིན་ནམ།

        བུ་མོ་དེས་ཚོང་ར་ནས་རྣ་བར་ཨི་ཁུང་ཕུག་རྗེས། རྣ་བར་འགོས་ནད་ཕོག་ནས་སྐྲངས་ཤིང་ཚ་བ་རྒྱས་པ་དང་། ཐ་ན་རྣག་ཁྲག་ཀྱང་ཐོན་པ་རེད། དང་ཐོག་ཁོང་མོས་དོ་སྣང་མ་བྱས་པ་དང་བསམ་ཡུལ་ལས་འདས་པ་ཞིག་ལ་ཉིན་འགའི་རྗེས་སུ་ཚ་བ་ཆེན་པོ་རྒྱས་ནས་སྨན་ཁང་དུ་བསྐྱལ་ཞིང་། བརྟག་དཔྱད་བྱས་པ་བརྒྱུད་ཁོ་མོའི་མཆིན་པ་དང་མཁལ་མའི་ནུས་པ་ཚང་མ་ཉམས་པ་མ་ཟད། ད་དུང་མགོ་རུས་ནང་ལའང་འགོས་ནད་ཕོག་ཡོད་པ་རེད།

        ཧྲན་ཏུང་སློབ་ཆེན་ཆི་ལུའུ་སྨན་ཁང་མཛེས་བཟོ་འཚིག་རྨས་ཚན་ཁག་གི་འབུམ་གཞོན་སྨན་པ་ལིའུ་ཕའེ་ཡིས། ཁྲག་གི་རྒྱུན་གཏན་ནང་གི་ཕྲ་ཕུང་དཀར་པོ་ཧ་ཅང་མཐོ་བ་དང་། མཆིན་པའི་བྱེད་ལས་དང་མཁལ་མའི་ནུས་པ་ཚང་མར་ཤུགས་རྐྱེན་ཐེབས་ཀྱི་ཡོད། ཁོང་མོའི་རྣ་བ་ཚབས་ཆེན་སྐྲངས་དོན་ནི་ཁོ་མོའི་ལུས་སྟེང་དུ་རྨ་ཁ་གཞན་མེད་པས། རྣ་བ་ཕུག་པའི་རྒྱུ་རྐྱེན་ཁོ་ནས་ཡིན་པ་རེད། དེའི་ཕྱིར་ང་ཚོས་ཚོད་དཔག་བྱས་ན་སྔར་བཞིན་རྣ་བར་ཨི་ཁུང་ཕུག་པ་ལས་འགོས་ནད་བྱུང་ཞིང་། ཁྲག་སྲིན་གྱི་ནད་ཕོག་སྟེ། གློ་བུར་དུ་ཚ་བ་རྒྱས་པ་དང་མཆིན་པ་དང་མཁལ་མའི་ནུས་པར་གནོད་སྐྱོན་བཟོས་པ་རེད་ཅེས་བརྗོད་ཡོད།

        རིགས་གཅིག་མཁས་པས་ངོ་སྤྲོད་བྱས་པར་གཞིགས་ན། རྣ་ཁུང་དང་འབྲེལ་བའི་གཉན་ཚད་ནི་གཙོ་བོ་སྲིན་འགོས་པ་ལས་བྱུང་བ་ཡིན་ལ། སྲིན་ནི་སྐྱི་སྤགས་ཀྱི་ཕྱི་ངོས་དང་རྣ་བར་ཨི་ཁུང་ཕུག་སྤྱད་ཀྱི་ཡོ་བྱད་དང་རྣ་གཟེར་ལས་བྱུང་བ་ཡིན། གལ་ཏེ་དུག་སེལ་གང་ལེགས་མ་བྱས་ཚེ། སྲིན་དེས་སྐབས་དང་བསྟུན་ནས་གཉན་ཚད་སློང་སྲིད། སྲིན་གྱི་འགོས་ནད་ལས་གཞན། རྣ་གཟེར་ནི་ཕྱི་ནས་ཡོང་བའི་དངོས་པོ་གཞན་པ་ཞིག་ཡིན་པའི་ཆ་ནས། རྣ་ཁུང་གི་གནས་སུ་འགོག་སྲུང་རང་བཞིན་གྱི་གཉན་ཚད་འབྱུང་དུ་འཇུག་སྲིད་པ་དང་། གལ་ཏེ་རྣ་ཁུང་ལ་འགོས་ནད་བྱུང་ནས་དུས་ལྟར་ཐག་གཅོད་མ་བྱས་ན་རྨ་ཤུལ་དང་དེ་ལས་ཚབས་ཆེ་བའི་མཇུག་འབྲས་འབྱུང་སྲིད་ཅེས་བསྟན་ཡོད།

        པེ་ཅིང་ཨན་ཀྲེན་སྨན་ཁང་པགས་ནད་ཚན་ཁག་གི་འབུམ་གཞོན་སྨན་པ་ཝང་ཞའོ་དབྱང་གིས། གལ་ཏེ་རྣ་བར་ཨི་ཁུང་ཕུག་རྗེས་མུ་མཐུད་གཉན་ཚད་རྒྱས་པ་དང་སྐྲངས་སྦོས་དམར་པོ་ཡོད་པའི་ཚ་བ་ཆེ་བའི་གནས་ཚུལ་འདི་རིགས་ཡོད་སྐབས་ཐག་གཅོད་མ་བྱས་ན། འགོས་ནད་འདི་སྔར་བས་ཇེ་སྡུག་ཏུ་འགྲོ་བ་དང་། མཐའ་འཁོར་དུ་ཤུགས་རྐྱེན་ཐེབས་ཤིང་། མཐའ་འཁོར་གྱི་རྨེན་བུའི་རྩ་མདུད་སྐྲངས་སྦོས་འབྱུང་སྲིད་པ་མ་ཟད། ཧ་ཅང་ཚབས་ཆེ་བའི་གནས་ཚུལ་འོག་ལུས་ཡོངས་སུ་སྲིན་གྱི་འགོས་ནད་ཁྱབ་འགྱེད་ཀྱང་ཆེ་རུ་འགྲོ་སྲིད་ཅེས་བརྗོད་ཡོད།

        རིགས་གཅིག་མཁས་པས་རྣ་བར་ཨི་ཁུང་ཕུག་པར་ཚད་ལྡན་གྱི་སྨན་ཁང་དང་ལས་ཁུངས་འདེམས་དགོས་པ་དང་། དུས་ཚོད་ནི་ཟླ་གསུམ་པ་དང་དགུ་པའི་ཟླ་མཇུག་བདམས་ཚེ། དྲོད་ཚད་འོས་འཚམ་ཡིན་པས་འགོས་ནད་ཕོག་སླ་པོ་མེད་པ་མ་ཟད། སླར་གསོ་བྱ་རྒྱུར་ཡང་ཕན་པ་ཡོད་ཅེས་གྲོས་འགོ་བཏོན་ཡོད།

        པེ་ཅིང་ཨན་ཀྲེན་སྨན་ཁང་པགས་ནད་ཚན་ཁག་གི་འབུམ་གཞོན་སྨན་པ་ཝང་ཞའོ་དབྱང་གིས། གལ་ཏེ་ང་ཚོས་ངོ་བཀྲུ་བ་དང་སྐྲ་བཀྲུ་དགོས་ན། རྣ་བར་ཨི་ཁུང་ཕུག་སར་ཆུ་མི་ཐེབས་པ་བྱེད་དགོས། ཆ་རྐྱེན་ཡོད་པའི་གནས་ཚུལ་འོག་ཏུ་ང་ཚོས་ཆང་བཅུད་75%འདུས་པའི་དུག་སེལ་བྱེད་ཆུས་དུག་སེལ་དང་ཕྱི་བརྡར་གཏོང་དགོས་ཞེས་བརྗོད་འདུག