གཏམ་བཟང་།བདེ་ཆེན་གྱི་གཞུང་ལམ་འདི་ད་ལོར་ཤར་གཏོང་ཐུབ་རེ་ཡོད།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-08-19   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།ཉེ་དུས་སྟག་མཆོང་གྲོག་རོང་ནས་སེམས་ཀྱི་ཉི་ཟླ་བར་གྱི་གཞུང་ལམ་གྱི་ལམ་ངོས་ལས་གྲྭ་སྤྱིའི་ཆ་ནས་བསྐྲུན་ཟིན་ནས།ལམ་ངོས་བཏིང་བའི་གཞུང་ལམ་སྤྱི་ད་ལོ་ལས་མཇུག་འགྲིལ་ནས་རླངས་འཁོར་ཤར་གཏོང་ཐུབ་རྒྱུ་ཡིན་པ་རེད།སྟག་མཆོང་གྲོག་རོང་ནས་སེམས་ཀྱི་ཉི་ཟླ་བར་གྱི་གཞུང་ལམ་ནི་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་སྟག་མཆོང་གྲོག་རོང་གྲོང་རྡལ་ཁྲུང་ཅིང་ཧོ་ནས་འབྲི་ཆུའི་འབྲེལ་མཚམས་ཀྱི་G214རྒྱུད་ནས་འགོ་ཚུགས་ལ། ལམ་རྒྱུད་དུ་སྟག་མཆོང་གྲོག་རོང་དང་ཡུང་ཧྲེང་གྲོང་ཚོ།ཧ་པ།སན་པཱ་ཤང་།ཅིའུ་ལུང་།པོ་ཏ་མཚོ་རྒྱལ་ཁབ་སྤྱི་གླིང་སོགས་བརྒྱུད་ཡོད།མཇུག་ནི་S209ཅུན་མ་ཁྲང་ནས་ལ་ཁུག་བར་གྱི་གཞུང་ལམ་དང་སྦྲེལ་ཡོད་པ་རེད།གཞུང་ལམ་གྱི་སྤྱིའི་རིང་ཚད་ལ་སྤྱི་ལེ་170.609ཡོད། སྟག་མཆོང་གྲོག་རོང་ནས་སེམས་ཀྱི་ཉི་ཟླ་བར་གྱི་གཞུང་ལམ་གྱི་རིམ་པ་དང་པོ་དང་རིམ་པ་གཉིས་པ།རིམ་པ་གསུམ་པའི་གཞུང་ལམ་གྱི་ཚད་གཞི་ལྟར་འཛུགས་སྐྲུན་བྱས་ཡོད།

    སྟག་མཆོང་གྲོག་རོང་ནས་སེམས་ཀྱི་ཉི་ཟླ་བར་གྱི་གཞུང་ལམ་ནི་“ལོ་ལྔ་ཚན་བཅུ་གསུམ་པའི”རིང《བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་ཕྱོགས་བསྡུས་འགྲིམ་འགྲུལ་འཆར་འགོད》ཁྲོད་ཀྱི་ཞིང་ཆེན་ལམ་དཀྱུས་མའི་གཞུང་ལམ་S209ཡི་དུམ་བུ་ཞིག་ཡིན་ལ། ལམ་འདི་ནི་བདེ་ཆེན་ཁུལ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་ནུབ་བྱང་རྒྱུད་ཀྱི་ས་ཁུལ་དུ་ཁྱབ་པའི་བགྲོད་ལམ་གལ་ཆེན་ཞིག་ཡིན་ཞིང་།སེམས་ཀྱི་ཉི་ཟླའི་ཡུལ་སྐོར་གྱི་ཤར་སྐོར་ལམ་ཐིག་ཅིག་ཡིན་པའི་ངོས་ནས་བདེ་ཆེན་ཁུལ་གྱི་ཡུལ་སྐོར་ལས་རིགས་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་ཐེབས་ངེས་རེད།

    སྟག་མཆོང་གྲོག་རོང་ནས་སེམས་ཀྱི་ཉི་ཟླ་བར་གྱི་གཞུང་ལམ་འཛུགས་སྐྲུན་གྱི་དམིགས་ཚད་ནི་མཛེས་སྡུག་ལྡན་པའི་ཡུལ་སྐོར་གཞུང་ལམ་ཡིན་པ་དང་ལམ་ཐིག་ཧྲིལ་པོར་ལྗོངས་ལྟ་སྟེགས་བུ་དང་རླངས་འཁོར་འཇོག་ཡུལ་23ཇུས་འགོད་བྱས་ཡོད། བརྗོད་དོན་གཙོ་བོའི་འཇིམ་བརྐོས་དང་།འབུར་བརྐོས།གཡང་གཟིགས།ཧ་པ་ལྗོངས་ལྟ་སྟེགས་བུ་སོགས་ཡོད་ཅིང་།གཞུང་ལམ་རྒྱུད་ཀྱི་ཁོར་ཡུག་མཛེས་ཤིང་ལྟ་ན་སྡུག་པས། ས་གནས་དེ་གའི་འགྲིམ་འགྲུལ་དང་སྤྱི་ཚོགས་ཡུལ་སྐོར་ལྟ་སྐོར་གྱི་དགོས་མཁོ་སྐོང་ཐུབ་ཀྱི་ཡོད།

    སྟག་མཆོང་གྲོག་རོང་ནི་ཀྲུང་གོའི་ཆེས་ཟབ་ཤོས་ཀྱི་གྲོག་རོང་གྲས་ཤིག་ཡིན། སྟག་མཆོང་གྲོག་རོང་ལ་སེམས་ཀྱི་ཉི་ཟླའི་དུམ་བུ་དང་ས་དམ་དུམ་བུའི་དབྱེ་བ་ཡོད་ཅིང་།སེམས་ཀྱི་ཉི་ཟླའི་སྟག་མཆོང་གྲོག་རོང་ནི་རྒྱལ་ཁབ་ཀྱི་AAAAརིམ་པའི་ཡུལ་སྐོར་མཛེས་ལྗོངས་གྲགས་ཅན་ཁུལ་ཡིན་ཞིང་།དེ་ལ་སྟོད་བར་སྨད་གསུམ་གྱི་སྟག་མཆོང་གྲོག་རོང་ཚུད་ཡོད།