རྒྱལ་ཐང་ས་ཆའི་མུ་ཏིག------ནགས་ཕག་མཚོ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-08-09   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།


        སྔོ་ལྗང་གཡུ་ཡི་མདངས་འཕྲོག་པའི་སྤང་ལྗོངས་ཀྱི་ལྡེབས་སུ། གཡང་དཀར་ལུག་གི་ཁྱུ་ཚོགས་ནམ་མཁའི་སྐར་ཚོགས་བཞིན་བཀྲ་བ་འདུག མཚོ་རྒྱབ་བརྗིད་ཆགས་ལྡན་པའི་རི་བོའི་འདབས་སུ།  འབྲོག་སྡེ་ཆེ་ཆུང་མང་པོ་ཕྱུགས་གསུམ་དཀར་གསུམ་གྱི་དཔལ་ལ་ལོངས་སུ་སྤྱོད།   མདའ་ན་སྔོ་ལྗང་ལོ་འདབ་རབ་ཏུ་རྒྱས་པའི་ཞིང་ནང་དུ། སོ་ནམ་པ་ཕོ་མོ་རྒན་གཞོན་མང་པོ་ཚོ་དང་ཚོ་བཅས་པས་ཞིང་ནང་བདག་གཉེར་གྱི་ལས་ལ་བྲེལ་བཞིན་འདུག མདུན་ཕྱོགས་སུ་རང་ཉིད་ཀྱི་མིག་ལམ་དུ་ཤར་ནས་མུ་ཏིག་བཀྲ་བ་ལྟར་སྣང་བའི་མཚོ་མོ་འདི་ནི་རྒྱལ་ཐང་ནོར་བུ་ས་ཆའི་མཛེས་ལྗོངས་གྲགས་ཅན་ནགས་ཕག་མཚོ་ཞེས་པ་དེ་ལགས།    

        མེ་ཏོག་ཨུཏྤལ་དང་འདྲ་བའི་མཚོ་འདིས་འཇིག་རྟེན་ཞིང་ཁམས་ཀྱི་མིའི་ཡིད་དབང་རབ་ཏུ་ཕྲོགས་བྱུང་། ཕྱོགས་བཞི་གྲོང་སྡེས་བསྐོར་བའི་གཡང་ལྡན་ནགས་ཕག་མཚོ་སྟེང་དུ་ཆུ་བྱ་སྣ་ཚོགས་དགའ་དགའ་སྤྲོ་སྤྲོ་རྩེད་མོར་རོལ་བ་ཡོད། མཚོ་ཡི་གཡས་གཡོན་ནི་ལྗང་མདོག་གི་མུ་མཐའ་སྤང་ཐང་ཡིན་ཞིང་། བདེ་ཞིང་ཁོད་སྙོམས་པའི་གཞུང་ལམ་དང་། དེང་རབས་ཡར་རྒྱས་མཚོན་པའི་འགྲིམ་འགྲུལ་སྣ་ཚོགས་ཀྱི་འདུ་ལོང་ཆེ་ཞིང་། ས་ཞིང་གཤིན་པོའི་སྟེང་ན་འབྲུ་རིགས་སྣ་ལྔའི་མགོ་ལྕོག་གར་དུ་རྩེན་ཞིང་མཐོང་ན་ཉམས་དགའ་ལ་ཡིད་ཀྱི་དང་བ་འདྲེན་པ་དང་། དཀར་དམར་སེར་གསུམ་གྱི་མེ་ཏོག་སྣ་ཚོགས་གཅིག་ལ་གཅིག་འགྲམ་གྱི་ཚུལ་གྱིས་སྤང་ཐང་དང་ཞིང་འགྲམ་ན་བཞད་ཡོད། དེ་ལྟར་མཛེས་སྡུག་ཁོར་ཡུག་དང་ལྡན་པའི་གཡང་སའི་ཁྲོད་དུ་སྙན་གྲགས་ཆེ་ཞིང་དོན་སྙིང་ལྡན་པའི་ནགས་ཕག་མཚོ་དེ་ངོ་མཚར་གྱི་རི་མོ་ཞིག་དང་བཞིན་གཟེངས་སུ་ཐོན་ནས་འདུག   

        དཀར་གསལ་དོད་པའི་ཁང་ཁྱིམ་སོ་སོའི་དུ་ཁུང་ནས་སྔོ་འཕྱུར་དུ་བའི་གཡང་ཆགས་འཁྱིལ་བཞིན་འདུག བྱ་དེ་ཁྲུང་ཁྲུང་དཀར་པོ་ཡང་དགུན་གསུམ་བདེ་བའི་གནས་ལ་ཆགས་པའི་སྐྱེད་ཚལ་ཡངས་པོ་ཡང་མཚོ་འདིའི་ཉེ་འཁོར་ཡིན།   ནགས་ཕག་མཚོའི་ཉེ་འཁོར་ན་བྱམས་སེམས་ཀྱིས་འཚོ་བའི་སྡེ་མི་རྣམས་ནི་ཡུལ་འདིའི་སྣོད་བཅུད་ན་འཚོ་བའི་ཁྲུང་ཁྲུང་དཀར་པོ་དང་།  ཉ་རིགས་སྣ་ཚོགས།   ཆུ་བྱ་རྣམ་པ་སྣ་ཚོགས་ཀྱི་ཕན་ཚུན་བར་ལ་འཆམ་མཐུན་མཉམ་གནས་ཀྱི་ཉམས་དགའ་བའི་སྣང་བརྙན་ཞིག་ཀྱང་སྔར་ནས་གྲུབ་ཡོད་པ་མ་ཟད།  དེ་འདྲའི་སྲོལ་བཟང་བོ་ཡང་མི་རབས་ནས་མི་རབས་བར་བརྒྱུད་དེ་རྒྱུན་འཛིན་བྱེད་ཀྱི་ཡོད།    

        ཤར་ཕྱོགས་རྒྱལ་ཐང་འཛིན་མའི་ཡུལ།། ནོར་བུའི་ས་ཆ་ཞེས་སུ་བསྔགས།།  

        གཡང་གི་མཚོ་མོ་ནགས་ཕག་མཚོ།། མུ་ཏིག་འོད་དུ་འཚེར་བ་བཞིན།།