གཙང་གསུམ་ཆུ་འགོར་འདབ་ཆགས་རྩ་ཆེན་མང་པོ་ཐོན།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-08-08   རྩོམ་ཁུངས།    མི་དམངས་དྲ་བ།

        ཉེ་ཆར། གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་གི་དོ་དམ་པ་ཅང་ཝུན་རྒྱ་མཚོས། མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ཁུལ་ཆུ་དམར་ལེབ་རྫོང་རྐང་དུང་གྲོང་ཚོར་རྒྱུན་གཏན་གྱི་སྐོར་ཞིབ་ལས་དོན་སྤེལ་སྐབས། འདབ་ཆགས་རྩ་ཆེན་དཀོན་པོ་རིགས་མང་པོ་པར་ལེན་ཐུབ་ཡོད། ཅང་ཝུན་རྒྱ་མཚོའི་བརྙན་མིག་ནང་། གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་གི་འདབ་ཆགས་རྣམས་སྐབས་འགར་མཁའ་དབྱིངས་སུ་ལྡིང་སྐོར་རྒྱག་པ་དང་། སྐབས་འགར་ངལ་གསོ་རྒྱག་གི་ཡོད། འདབ་ཆགས་སྣ་ཚོགས་པར་ལེན་ཐོ་འགོད་བྱ་རྒྱུ་དེའང་ཅང་ཝུན་རྒྱ་མཚོའི་དགའ་མོས་ཤིག་ཏུ་གྱུར་ཡོད།

        ཤེས་རྟོགས་བྱུང་བར་གཞིགས་ན། གཙང་གསུམ་ཆུ་འགོ་ནི་མཐོ་སྒང་གི་སྐྱེ་དངོས་སྣ་མང་རང་བཞིན་གཅིག་སྡུད་ཆེ་ཤོས་ཀྱི་ས་ཁུལ་ཞིག་དང་། རྒྱལ་ཡོངས་ཀྱི་སྐྱེ་དངོས་སྣ་མང་རང་བཞིན་རྩེ་གྲ་ཁུལ་32ཀྱི་གྲས་ཤིག་ཡིན་པས། མཚོ་བོད་མཐོ་སྒང་དུ་དམིགས་བསལ་དུ་ཡོད་པའི་སྐྱེ་དངོས་དང་རྩ་ཆེ་ལ་སྟོངས་ཉེན་ཡོད་པའི་སྲོག་ཆགས་མང་པོ་ཞིག་ལ་འཚོ་གནས་བྱ་ཡུལ་མཁོ་འདོན་བྱས་ཡོད། དེའི་ཁྲོད་འདབ་ཆགས་ཚན་16དང་ཚན་ཁག་45དང་རིགས་196ཡོད་པ་དང་། ཁྲུང་ཁྲུང་སྐེ་ནག་དང་། གོ་བོ་སོགས་རིགས་13ནི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོང་སྲོག་ཆགས་ཡིན་པ་དང་། ཁྲུང་ཁྲུང་སྔོ་སྐྱ་དང་མཐོ་སྒང་གི་བྱ་རྒོད་སོགས་རིགས་37རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་སྲུང་སྐྱོང་སྲོག་ཆགས་ཡིན་པ་རེད། 

        ཉེ་བའི་ལོ་ཤས་རིང་། གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་གི་དོ་དམ་ལ་ཕན་འབྲས་ཐོན་ནས། འདབ་ཆགས་ལ་བདེ་འཇགས་དང་སྐྱིད་སྣང་དོད་པའི་འཚོ་གནས་བྱ་ཡུལ་མཁོ་འདོན་བྱས་ཡོད། འདབ་ཆགས་དཀོན་ཞིང་རྩ་ཆེན་ཡང་ཡང་མངོན་པའི་ཐོག་ནས། གཙང་གསུམ་ཆུ་འགོའི་སྣོད་བཅུད་ལེགས་སུ་ཕྱིན་པ་དང་། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་ལ་ཐོབ་པའི་དུས་མཚམས་རང་བཞིན་གྱི་ཕན་འབྲས་ཀྱང་ཐད་ཀར་མངོན་ཡོད་པ་རེད།