ཁྱད་ལྡན་ཞིང་ལས་ཐོན་རྫས་ཀྱིས་གྲོང་གསེབ་དར་སྤེལ་ལ་རོགས་འདེགས་བྱས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-08-03   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

 ཉེ་བའི་ལོ་ཤས་རིང་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རྒྱལ་ཐང་གྲོང་རྡལ་གྱིས་ཞིང་ལས་ཐོན་ལས་ཀྱི་གྲུབ་ཆ་ལེགས་སྒྲིག་དང་ནགས་ཕག་མཚོ་སྐོར་ལམ་རྒྱུད་བཅོས་སྐྱོང་བྱ་རྒྱུ་དེ་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་རྒྱུའི་ལས་ཀ་གཙོ་བོ་བྱས་ཤིང་། དེ་གྲོང་གསེབ་དར་རྒྱས་དང་སྦྲེལ་མཐུད་ནུས་ལྡན་བྱེད་པའི་ནུས་ལྡན་ཞིག་ཏུ་བརྩིས་ནས་སྣེ་འདྲེན་ཁེ་ལས་ནང་འདྲེན་དང་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་བཏང་བ་བརྒྱུད། ཞིང་དུད་དང་ཁེ་ཕན་མཉམ་འབྲེལ་གྱི་ལམ་སྲོལ་བཙུགས་ཏེ་ཞིང་པའི་འབབ་འཕར་མངོན་འགྱུར་དང་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་བཏང་བ་རེད།

    2022ལོའི་ལོ་འགོར་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་འབྲེལ་ཡོད་སྡེ་ཚན་དང་རྒྱལ་ཐང་གྲོང་རྡལ་ཏང་ཨུ་དང་སྲིད་གཞུང་གི་རོགས་སྐྱོར་འོག་མའོ་ལིན་ཀུང་སིས་མ་དངུལ་སྒོར་ཁྲི་533བཏང་ནས་རྒྱལ་ཐང་གྲོང་རྡལ་ནགས་ཕག་མཚོ་སྐོར་ལམ་རྒྱུད་ཀྱི་ས་ཞིང་འཁོར་རྒྱུག་རྣམ་གྲངས་ལག་བསྟར་བྱས་པ་དང་འཁོར་རྒྱུག་ས་ཞིང་མུའུ་1567.32ཟིན་པ་བྱས་ནས། ལྟ་སྐོར་ཞིང་ལས་དང་ས་མཐོའི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་བཏང་བ་རེད།

    ལོ་འདིའི་ཟླ་དང་པོར་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རྒྱལ་ཐང་གྲོང་རྡལ་མི་དམངས་སྲིད་གཞུང་དང་ནགས་ཕག་མཚོ་སྐོར་ལམ་རྒྱུད་ཀྱི་འཁོར་རྒྱུག་ས་ཆའི་གན་རྒྱ་བཞག་རྗེས། མའོ་ལིན་ཀུང་སིས་ཡུན་ནན་ཞིང་ཆེན་ཞིང་ལས་སློབ་ཆེན་གྱི་ཞིང་ལས་རིག་པ་དང་སྐྱེ་དངོས་ལག་རྩལ་སློབ་གླིང་དང་ལག་རྩལ་མཉམ་ལས་བྱས་ཏེ། ས་མཐོར་འདེབས་རྒྱུར་འཚམ་པའི་ཞོག་ཁོག་གི་སྣ་ཁ་ལེགས་འདེམས་བྱས་ནས་ཉི་ཤར་གྲོང་ཚོར་ཞོག་ཁོག་མུའུ་365.47ཚད་ལྡན་ངང་འདེབས་འཛུགས་ཤིང་། ཟླ་7པ་ནས་བཟུང་དཀར་གཙང་གི་ཞོག་ཁོག་མེ་ཏོག་རབ་ཏུ་བཞད་ནས་ནགས་ཕག་མཚོ་ལ་ཡུལ་ལྗོངས་ཤིག་གསར་དུ་བསྣན་པ་རེད།

    ད་ལོ་ངའི་ཁྱིམ་གྱིས་བདེ་ཆེན་མའོ་ལིན་ཞིང་འབྲོག་ཐོན་རྫས་ཚད་ཡོད་ཀུང་སིར་ས་ཞིང་མུའུ་6བོགས་མར་བཏང་ནས་མའོ་ལིན་ཀུང་སིས་ཞོག་ཁོག་འདེབས་འཛུགས་བྱེད་ཀྱི་ཡོད་པས། ངའི་ཁྱིམ་ལ་ངལ་རྩོལ་ནང་ཞུགས་མི་དགོས་པར་ལོ་ལྟར་ཡོང་འབབ་ཁེ་གཙང་སྒོར་4800ཡོང་གི་ཡོད་པས་ངལ་རྩོལ་ནུས་ཤུགས་བཏོན་ནས་ས་ཆ་གཞན་དུ་ནས་དང་པད་ཁ་སོགས་ཞིང་ལས་སྐྱེ་དངོས་འདེབས་འཛུགས་བྱེད་ཆོག་པ་མ་ཟད་ད་དུང་ཡུལ་སྐོར་ཞབས་ཞུའི་ནང་ཞུགས་ནས་འབབ་འཕར་གྱི་ཐབས་ལམ་ཡང་རྒྱ་ཆེར་བཏང་ཡོད་ཅེས་ཉི་ཤར་གྲོང་ཚོའི་གྲོང་མི་བཀྲ་ཤིས་དབང་འདུས་ཀྱིས་བཤད།