ཁམས་ཨོ་ཐོག་ཡུལ་དུ་དར་ཁྱབ་ཆེ་བའི་དམངས་ཁྲོད་རིག་གནས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-08-02   རྩོམ་ཁུངས།    ཁམས་པའི་དྲ་བ།

   གླེང་གཞི།

        དེ་ཡང་མི་རིགས་ཤིག་གི་དམངས་ཁྲོད་ཀྱི་རིག་གནས་ནི་མི་རིགས་དེའི་རིག་གནས་མཐའ་དག་གི་རྨང་རྡོ་དང་ཉིང་བཅུད་དུ་གྱུར་ཡོད་པ་ཀུན་གྱིས་མཁྱེན་གསལ་བཞིན་ཡིན་ལ། ལྷག་ཏུ་བོད་ཀྱི་གནའ་བོའི་མེས་པོ་རྣམས་ཀྱིས་ཤུལ་ཏུ་བཞག་པའི་དམངས་ཁྲོད་ཀྱི་རིག་གནས་འདི་ཚོ་ནི་འཛམ་གླིང་དམངས་ཁྲོད་རིག་གནས་ཀྱི་བང་མཛོད་དུའང་ལྷམ་མེར་འཚེར་བའི་མུ་ཏིག་གི་ཕྲེང་བ་ལྟ་བུ་ཞིག་ཡིན་པ་མངོན་སུམ་ཚད་མར་གྲུབ་ཡོད་པ་དེ་རེད།

        དེ་ཡང་བོད་མི་རིགས་ནི་གནའ་ནས་ད་བར་དུ་དམངས་ཁྲོད་རིག་གནས་ཀྱི་མེ་ཏོག་སྣ་བརྒྱ་བཞད་པའི་མི་རིགས་ཤིག་ཡིན་ལ། དེ་ལས་གླུ་བྲོ་གཞས་གསུམ་ལ་མཚོན་ནའང་མདོ་དབུས་ཁམས་གསུམ་དུ་རང་གི་ཁྱད་ཆོས་དང་ལྡན་པའི་སྙན་ལ་འཇེབས་པ། ནང་དོན་གྱི་ཆ་ནས་མི་རིགས་སམ་སྤྱི་ཚོགས་འདིའི་ཕྱི་འཇིག་རྟེན་གྱི་བཀོད་པ། ནང་ཚེ་སྲོག་གི་ལྟ་ཚུལ། ཆོལ་ལུགས་དད་མོས་ཀྱི་འདུ་ཤེས། མི་དང་རང་བྱུང་ཁམས་ཀྱི་འབྲེལ་བ། མི་དང་མིའི་འབྲེལ་བ། ལོངས་སྤྱོད་དང་མངའ་ཐང་། ཚོང་ལས་དང་འཚོ་བ། མཛེས་སྤྱོད་ཀྱི་ལྟ་བ། མི་རིགས་འདིའི་ཐུན་མོང་མ་ཡིན་པའི་རྒྱན་དང་ཆ་ལུགས་སོགས་སྲོལ་རྒྱུན་གྱི་བརྗོད་བྱས་ཡོངས་སུ་གཏམས་པའི་ངོམ་མཚར་གྱིས་ཕྱུག་པའི་རིག་གཞུང་གི་མཛོད་ཆེན་མོ་འདི་ནི་མེས་པོ་ཚོས་བཞག་པས་དངོས་མིན་རིག་གནས་ཤུལ་བཞག་ཅིག་རེད། དངོས་མིན་རིག་གནས་ཤུལ་བཞག་ནི་མི་རིགས་ཁག་གི་མི་དམངས་ཚོས་མི་རབས་ནས་མི་རབས་བར་ཕན་ཚུན་རྒྱུན་འཛིན་གྱིས་མང་ཚོགས་ཀྱི་འཚོ་བ་དང་འབྲེལ་བ་དམ་ཟབ་ཡོད་པའི་སྲོལ་རྒྱུན་གྱི་རིག་གནས་སྣ་ཚོགས་མཚོན་པར་བྱེད་པའི་རྣམ་པ་ཞིག་ཡིན། དངོས་མིན་རིག་གནས་ཤུལ་བཞག་ནི་ལོ་རྒྱུས་འཕེལ་རྒྱས་ཕྱིན་པའི་བདེན་དཔང་ཞིག་དང་། རྩ་ཆེན་ཞིག གལ་ཆེའི་རིན་ཐང་ལྡན་པའི་རིག་གནས་ཀྱི་འབྱུང་ཁུངས་བཅས་ཀྱང་ཡིན། འོན་ཀྱང་མི་རབས་གསར་རྙིང་གི་བར་མཚམས་རེ་རེ་ནས་རིག་གནས་གང་མང་ཞིག་བོར་བརླག་འགྲོ་བཞིན་ཡོད་པ་ཆོས་ཉིད་ཡིན། ཡང་ཕྱོགས་གཞན་ཞིག་ནས་ལོ་རྒྱུས་འཕེལ་རྒྱས་ཀྱི་བརྒྱུད་རིམ་ནང་སྔ་མ་རྒྱུད་འཛིན་གྱི་རྨང་གཞིའི་ཐོག་ས་གནས་རང་གི་ཕྱི་སྣོད་ཀྱི་འཁོར་ཡུག་དང་ནང་བསམ་པའི་དཔལ་ཡོན་སོགས་སྤྱི་ཚོགས་ཀྱི་སྣང་ཚུལ་ཅི་རིགས་ཤིག་འཕེལ་རྒྱས་འགྲོ་བཞིན་ཡོད་པ་རེད། དེ་ལས་གླུ་བྲོ་གཞས་གསུམ་ལ་མཚོན་ན་འང་སྙན་མོ་དབྱངས་རྟ་ངག་ནས་གྱེར་ཅིང་། བདེ་མོ་ལུས་ཀྱི་གར་དུ་འཁྲབ་ནས་རྣམ་པ་མང་དུ་དར་ཁྱབ་ཏུ་སོང་བ་ཞིག་ཡིན་པའོ།།

        ཁམས་ཉག་ཆུའི་ཨོ་ཐོག་ཡུལ་གྱི་དམངས་ཁྲོད་རིག་གནས་གནའ་ནས་དར་ཁྱབ་ཆེ་བས། ཨོ་ཐོག་དམངས་ཁྲོད་སྒྱུ་རྩལ་པ་རྒན་གཞོན་དག་གི་ངག་འགྲོས་ན་རྩ་ཆེན་གསེར་ནག་ལྟར་ཉལ་ཡོད་པའི་གནའ་བོའི་དམངས་ཁྲོད་རིག་གནས་ཀྱི་གལ་ཆེན་མཚོན་ཐུབ་པའི་གནའ་བྲོ་དང་གཞས་ཤགས་ཁེད་གཏམ་དཔེ་སོགས་རང་ནུས་གང་ཡོད་ཡོད་ཀྱིས་འདེམས་སྒྲུག་བྱས་ཡོད་པའི་ནང་ནས་སྐབས་འདིར་ཨོ་ཐོག་གནའ་བྲོ་རིག་གནས་ཀྱི་ཚན་པ་གཅིག་ཞེས་པ་འདི་ཁམས་པའི་འཛུམ་རིས་ཀྱི་དེབ་ཕྲེང་འདི་རྒྱུད་ནས་གནའ་བྲོ་རིག་གནས་ལ་སྤྲོ་བ་ཡོད་མཁན་གྱི་སྤྱན་ལམ་དུ་འབུལ་རྒྱུ་བྱུང་བ་དགའ་སྤྲོ་དཔག་མེད་སྐྱེ། སྤྱིར་བྲོ་གར་རིག་གནས་བོད་ཀྱི་ཡུལ་གྲུ་སོ་སོར་དར་ཁྱབ་བྱུང་བ་ནས་བཟུང་ཡུལ་ལུང་རང་གི་ཁྱད་ཆོས་དང་དར་རྒྱས་བྱུང་ཚུལ་སོགས་ལོ་རྒྱུས་ཀྱི་རྒྱབ་ལྗོངས་མི་འདྲ་བ་དུ་མ་ཞིག་ཡོད། ཨོ་ཐོག་གནའ་བྲོ་ནི་ཚིག་སྦྱོར་སྙན་ཞིང་ངག་ལ་གྱེར་བདེ་བ་ནང་དོན་གྱི་ཆ་ནས་གནའ་བོའི་སྤྱི་ཚོགས་ཁྲོད་ཀྱི་བྲོ་གར་གྱི་བསམ་བློ་མཚོན་ནུས་པ་དང་། སྒྱུ་རྩལ་གྱི་མཛེས་དཔྱོད་མངོན་ཐུབ་པ་མ་ཟད། བྲོ་རའི་གོ་རིམ་ལ་གཞན་དང་མི་མཚུངས་པའི་ཁྱད་ཆོས་ཤིག་ཡོད་པ་ནི་བླ་མའི་བྲོ་ར་དང་། དཔོན་པོའི་བྲོ་ར། སེར་མོ་བའི་བྲོ་ར། འབངས་ཀྱི་བྲོ་ར། ཁྱིམ་ཚང་བྲོ་ར། རྫི་བོའི་བྲོ་ར། བྱིས་པའི་བྲོ་ར་སོགས་སྐབས་བསྟུན་གྱི་བརྗོད་བྱ་མི་འདྲ་བ་ལ་སྒྱུ་རྩལ་གྱི་ཉམས་མི་འདྲ་བ་རེ་དང་། བྱེ་བྲག་གི་བྲོ་ཚིག་ལ་ཕྱི་ཁོར་ཡུག་གི་མཛེས་པ་དང་ནང་དད་མོས་ཀྱི་འདུ་ཤེས། ཚོང་ལས་ཐོན་རྐྱེད། འཚོ་བའི་མཛེས་སྤྱོད་ཀྱི་ལྟ་བ་སོགས་མཚོན་པའི་གནའ་བྲོ་རིག་གནས་འདི་ཉིད་ནི་ཁམས་ཉག་ཆུའི་ཨོ་ཐོག་ཡུལ་གྱི་ཐུན་མིན་གྱི་རིག་གཞུང་རྩ་ཆེན་ཞིག་ཡིན།།