ས་དམ་ནས་སེམས་ཀྱི་ཉི་ཟླ་བར་གྱི་ལྕགས་ལམ་ཐད་ནས་འབྱོར་བའི་གཏམ་བཟང་།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-07-29   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ་7པའི་ཚེས་27ཉིན།  ཏན་བོད་ལྕགས་ལམ་གྱི་ས་དམ་ནས་སེམས་ཀྱི་ཉི་ཟླའི་ལམ་དུམ་གྱི་ཧ་པ་གངས་རིའི་ཕུག་ལམ་གྱི་དཀྱིལ་འདྲེན་ཁུང་ཤར་གཏོང་ཐུབ་པ།

        ཧ་པ་གངས་རིའི་ཕུག་ལམ་གྱི་སྤྱིའི་རིང་ཚད་ལ་སྤྱི་ལེ་9.5ཡོད་པ་དང་།  ཕུག་ལམ་གྱི་ཆེས་ཟབ་ཚད་སྨི་1155ཟིན།  ས་མཐོའི་གནོན་ཤུགས་དང་བྲག་ལེབ་ཀྱི་གྲུབ་ཚུལ་བཙིར་གནོན།  གས་སྲུབས་ས་རྒྱུད་ཀྱི་བྱེད་སྒོ་སོགས་ཀྱིས་ཤུགས་རྐྱེན་ཐེབས་ནས་འཛུགས་སྐྲུན་གྱི་བརྒྱུད་རིམ་ཁྲོད་བྲག་ཞུན་དང་བྲག་རྡོ་མཉེན་མོའི་དབྱིབས་འགྱུར་སོགས་ས་གཤིས་ཀྱི་གནད་དོན་འབུར་དུ་ཐོན།   ཧ་པ་གངས་རིའི་ཕུག་ལམ་གྱི་དཀྱིལ་འདྲེན་ཁུང་ཤར་གཏོང་ཐུབ་པ་དེ་ས་གཤིས་ཀྱི་ཆ་རྐྱེན་རྩད་ཆོད་བྱས་པ་དང་ས་མཐོའི་གནོན་ཤུགས་ནུས་ལྡན་ངང་གློད་འགྲོལ་བཏང་བས་ཕུག་ལམ་ཧྲིལ་པོ་ཤར་གཏོང་ཐུབ་པ་ལ་རྨང་གཞི་བརྟན་པོ་འདིང་ཡོད་པ་རེད།

        ཧ་པ་གངས་རིའི་ཕུག་ལམ་འཛུགས་སྐྲུན་བྱེད་འགོ་ཚུགས་པ་ནས་བཟུང་།ཕུག་ལམ་ཧྲིལ་པོར་ཇུས་འགོད་ལྟར་རམ་འདེགས་དོང་ལམ་3བཀོད་སྒྲིག་བྱས་ཡོད་མོད།  འོན་ཀྱང་ཨར་ལས་དཀའ་ཚེགས་ཆེ་བས་སྔ་རྗེས་སུ་ཕུག་ལམ་དང་མཐུད་པའི་བགྲོད་ལམ་འཕྲེད་མ་12སུ་བསྣན་པས་ཆེས་མང་དུས་བཟོ་བ་1200ལྷག་ཉིན་མཚན་མེད་པར་ཨར་ལས་བྱེད་པ།  བྲག་རྡོ་མཉེན་མོའི་དབྱིབས་འགྱུར་གྱི་ཨར་ལས་དཀའ་གནད་སེལ་བའི་ཆེད་དུ་ཀྲུང་གོ་ལྕགས་ལམ་ཁུན་མིང་ཅུས་ཚོགས་པའི་ཏན་ནུབ་ལྕགས་ལམ་འཛུགས་སྐྲུན་བཀོད་འདོམས་པུའུ་ཡིས་འཛུགས་སྐྲུན་ནང་ཞུགས་མཁན་ཚན་པ་རྩ་འཛུགས་བྱས་ཏེ་ཨར་ལས་ཀྱི་ཉམས་མྱོང་ཕྱོགས་བསྡོམས་དང་དཔྱད་བསྡུར་བྱེད་པ།   མཐར་ཕུག་ལམ་གྱི་དཀྱིལ་འདྲེན་ཁུང་ཤར་གཏོང་བྱེད་དེ་ས་མཐོའི་གནོན་ཤུགས་གློད་འགྲོལ་གཏོང་བའི་ཇུས་གཞུ་བཀོལ་བ་རེད།   མིག་སྔར། རྣམ་གྲངས་པུའུ་ཡིས་ཕུག་ལམ་བརྐོ་བར་ཤུགས་སྣོན་རྒྱག་ཡོད་པ་དང་ཕུག་ལམ་སྔ་ཙམ་ལེགས་གྲུབ་བྱུང་བར་བརྩོན་ལེན་བྱེད་བཞིན་ཡོད་པ་རེད།

        མཚམས་སྦྱོར་བྱེད་པ་ལྟར་ན།ས་དམ་ནས་སེམས་ཀྱི་ཉི་ཟླ་བར་གྱི་ལྕགས་ལམ་གྱི་སྤྱིའི་རིང་ཚད་ལ་སྤྱི་ལེ་139ཡོད་པ་དང་།  ཇུས་འགོད་མྱུར་ཚད་ནི་ཆུ་ཚོད་རེར་སྤྱི་ལེ་120ཡིན་ལ།  ལྕགས་ལམ་དེ་ལྷོ་ས་དམ་ནས་འགོ་ཚུགས་པ་དང་ལམ་ཐིག་ཧྲིལ་པོར་འབབ་ཚིགས་13བཀོད་སྒྲིག་བྱེད་ཡོད།  ལྕགས་ལམ་འདི་ལ་ཟམ་པ་34དང་ཕུག་ལམ་20ཡོད་པས་ཟམ་ཕུག་གི་བཟུང་བའི་བསྡུར་ཚད་ནི་73.4%ཟིན་ཡོད།