འབྲོག་པའི་ཉམས་མྱོང་ཉུང་བསྡུས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-07-29   རྩོམ་ཁུངས།    གངས་ལྗོངས་ཉི་གཞོན།

        འབྲོག་པ་ཡར་རྒྱས་སུ་འགྲོ་དགོས་ན་རྟ་ནོར་ལུག་གསུམ་གསོ་སྤེལ་གཏོང་ཐབས་ཀྱིས་ཆ་རྐྱེན་རྣམས་འཛོམས་དགོས་ཀྱི་ཡོད། དཔེར་ན། ཕྱུགས་ནད་སྔོན་འགོག་དང་སྨན་བཅོས་སོགས་སྨན་གྱི་རྒྱུ་ཆ་ཚད་ལྡན་དང་སྨན་པར་ལག་རྩལ་ཚད་ལྡན་ཡོད་དགོས་པ་དེ་གནད་འགག་ཧ་ཅང་ཆེ། ཡིན་ནའང་ང་ཚོའི་ས་ཁུལ་དུ་ཕྱུགས་ནད་སྨན་བཅོས་ཀྱིས་ཆ་རྐྱེན་ཧ་ཅང་ཞན་པོ་རེད། རྒྱ་ནང་དང་ཕྱི་རྒྱལ་ཁག་ཏུ་དུད་འགྲོའི་སྨན་ཁང་ཚད་ལྡན་ཡོད་པ་རེད། འཛམ་གླིང་ཐོག་དུད་འགྲོའི་སྨན་ཁང་ཆེས་མང་ས་ཨ་རི་དང་ཡོ་རོབ་སོགས་ཡིན། ཁོ་ཚོ་དང་ང་ཚོའི་ཕྱུགས་རིགས་བདག་གཉེར་བྱེད་སྟངས་བར་ཧེ་བག་ཧ་ཅང་ཆེན་པོ་ཡོད་པ་མ་ཟད། ཁོར་ཡུག་དང་ས་ཆའི་ཆགས་བབས་མི་འདྲ་བ་སོགས་ཀྱིས་ཁྱད་པར་ཡང་ཏན་ཏན་ཡོད།

        རང་རེའི་ཡུལ་འདིར་དགུན་དཔྱིད་ཀྱི་དུས་སུ་གངས་ཞོད་བྱུང་ཚེ་འཁྱག་ལྟོགས་ཀྱིས་མནར་ནས་ཕྱུགས་རིགས་མང་པོ་ཞིག་ཤི་འགྲོ་བ་ཡིན་པས་དེ་འདྲ་མི་འབྱུང་བའི་ཐབས་ཤེས་སྒྲུབ་དགོས། དགུན་ཟླ་འབྲིང་པོ་ནས་བཟུང་གྲང་ངར་ཆེ་རུ་འགྲོ་བ་དང་། རྩྭ་སྐྱའི་བཅུད་ཀྱིས་འདང་གི་མེད་པས་ཕྱུགས་རིགས་ཀྱི་ཤ་ཤེད་ཉམས་འགོ་ཚུགས་ཀྱིས་ཡོད། ཤ་ཤེད་ཤོར་ན་ལུས་ཟུངས་ཉམས་པའི་ཕྱུགས་ནད་སྣ་ཚོགས་འབྱུང་སླ་བས། བདག་པོས་དེ་ལུགས་ཀྱིས་ཟན་རྩྭ་ཁ་སྣོན་རྒྱག་རྒྱུ་སོགས་ཐབས་ལམ་འདྲ་མིན་འཚོལ་དགོས། དགུན་དུས་སུ་ས་གནས་དྲོ་ས་འཚོལ་བའམ་མི་འཁྱག་པའི་ཐབས་ལམ་འཚོལ་བ་དང་། ཟན་རྩྭ་བསོག་འཇོག་སོགས་གྲ་སྒྲིག་ལེགས་པོའི་སྒོ་ནས་སྒོ་ཕྱུགས་རྣམས་འཁྱག་ལྟོགས་ཀྱི་ཤི་བའི་གནས་ཚུལ་ལས་སྐྱོབས་པའི་འདུ་ཤེས་ངེས་པར་དུ་ཡོད་དགོས། ས་མཐོར་གནས་པའི་རི་དྭགས་འབྲོང་དང་། རྐྱང་། གནའ་བ། དགོ་བ་སོགས་ཀྱང་དབྱར་སྟོན་དུས་སུ་ཤ་ཤེད་རྒྱས་པ་དང་དགུན་དཔྱིད་དུས་སུ་ཤ་ཤེད་ཞན་པ་ཡིན་པའི་འཁྱག་ལྟོགས་ཀྱིས་མི་གནོད་པའི་སྲོག་ཆགས་གཏན་ནས་མེད། འདིར་དཔེ་མཚོན་ཙམ་ཞུས་པ་ཡིན།

        ད་དུང་རྩྭ་ནད་ཆུ་དུག་གི་རིགས་མང་བས་དཔེར་ན་ནོར་གྱིས་མཆིན་པ་དང་གློ་བར་འབུ་ཞུགས་པ་སོགས་ནི་རྩྭའི་རིགས་ལས་འབྱུང་གི་ཡོད། ནོར་ཆུང་ངུའི་རིགས་ལ་སྒལ་ལྤགས་བར་ལ་འབུ་ཞུགས་པ་དེ་བེའུ་ཆུང་དུས་སུ་བདག་པོས་བེའུ་སྒལ་པར་སྦར་འཇུ་བྱས་པས་ཡིན་ཟེར་བཤད་སྲོལ་ཡོད། ས་ཐག་རིང་པོ་བརྗེས་ན་ནོར་གནག་ལ་ས་མི་འཕྲོད་པའི་ནད་འབྱུང་བ་སོགས་གཞན་ནད་རིགས་ཀྱི་གྲངས་ཀ་ཧ་ཅང་མང་། ཡིན་ཡང་གོང་གི་ཆ་རྐྱེན་ཉུང་ངུ་དག་ངེས་པར་དུ་ཚང་དགོས་པ་ཡིན།

        རྟ་ནི་ཆམ་པ་ཕོག་སླ་ཞིང་གྲང་ངར་ལ་སྐྲག་པ་ཡིན་པས་དགུན་དུས་སུ་ས་བབས་དྲོ་ས་དང་ཐང་ཆེན་པོ་ན་ཐང་སོགས་སུ་འཚོ། ཚེར་མ་ཅན་གྱིས་ཤིང་སོགས་ཤིང་རིགས་ཁ་ཤས་ཟ་གི་ཡོད། ལུག་ནི་སྤང་རི་ལ་དགའ། ན་ཐང་དུ་འཚོས་ན་མཆིན་འབུ་ཞུགས་པར་ཉེན་ཁ་ཆེ། སྦལ་སྦྲུལ་སོགས་དང་ཤིང་འགོ་ཟ་རྒྱུ་དགའ་པོ་ཡོད། མཆིན་འབུ་ནི་དཔྱིད་དུས་སུ་ན་འདམ་དུ་སྐྱེས་པའི་རྩྭ་ཞིག་ཡིན། ས་བབས་མཐོ་ན་མཆིན་འབུ་མེད་ཅེས་བཤད།

        ནོར་གནག་གཙོས་མཐོ་སྒང་གིས་ཐོན་སྐྱེད་དག་དེང་རབས་ཅན་དུ་སྒྱུར་དགོས་ན། བོད་ཀྱི་ན་གཞོན་དག་གིས་ཆེད་ལས་ལག་རྩལ་སློབ་སྦྱོང་ཡག་པོ་བྱེད་པ་དང་། འཕྲུལ་ཆས་ནང་འདྲེན་བྱས་ནས་རང་ས་ཁུལ་དུ་བཟོ་གྲྭ་འཛུགས་རྒྱུ། གནད་འགག་ཞིག་ནི་ཐོན་རྫས་དག་རང་གི་བཟོས་ནས་གཞན་ལ་འཚོང་ཐུབ་ན་ཆེས་ཡག་ཤོས་ཡིན། ཐོན་རྫས་ཀྱི་རྒྱུ་ཆ་གཞན་ལ་ཕམ་འཚོང་བྱེད་པའམ་གཞན་ལ་བཟོས་སུ་བཅུག་སྟེ་ཁེ་ཆེ་ཤོས་གཞན་ལ་སྤྲད་རྗེས་གཟོད་རང་ཡུལ་དུ་སྤེལ་ནས་རང་མིའི་ལག་ནས་ཁེ་ཟ་བ་ནི་བསམ་བློ་སྡུག་ཤོས་དེ་ཡིན། ཐོན་རྫས་དག་མ་བཟོ་རྒྱུ་དང་མཛེས་ཆོས་དང་སྤུས་ཚད་ལེགས་པ། བེད་སྤྱོད་པ་པོས་ཡིད་མགུ་ཐབས་བྱེད་པ་འཚོང་རའི་དགོས་མཁོ་སྐོང་རྒྱུ་ལ་དཀའ་ཁག་མེད་པ་སོགས་གནད་དོན་མང་པོ་ཞིག་ཡོད།

        ཡིན་ཡང་ད་ལྟ་སྔོན་དུས་དང་བསྡུར་ན་ཅི་གང་ཐད་ནས་ཇེ་ལེགས་སུ་སོང་བས་ན་ང་ཚོའི་གནའ་སྔ་མོའི་ཕྱུགས་ལས་གཉེར་སྟངས་ལྟར་བྱས་ན་རྩ་བ་ནས་ཡར་རྒྱས་འགྲོ་ཐབས་མེད། ཕྱུགས་རིགས་གསོ་སྤེལ་ལ་བརྟེན་ནས་འཚོ་དགོས་ན་དེ་འཕེལ་རྒྱས་གཏོང་ཐབས་དང་། དེ་ལས་ཐོབ་པའི་ཐོན་སྐྱེད་དག་བེད་སྤྱོད་ཡག་པོ་བྱེད་ཤེས་ན་ད་གཟོད་འབྲས་བུ་མི་དམན་པ་ཞིག་འཐོབ་པར་ངེས་སོ། །