དམངས་ཁྲོད་ཀྱི་ལྷ་བཟོ་བས་མིའི་རིགས་ཀྱི་ཤུལ་བཞག་ནོར་བུ་རྒྱུད་འཛིན་བྱས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-07-29   རྩོམ་ཁུངས།     ཀྲུང་གོ་བོད་ཀྱི་དྲ་བ།

        ཉེ་སྔོན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་ཁམས་ར་གྲོང་རྡལ་གྱི་སྔོ་རྒྱ་འགག་རུ་ས་གནས་དེ་གའི་གཞི་ཁྱོན་ཆེ་བའི“རེབ་གོང་སྒྱུ་རྩལ་པའི་ཁྱིམ་གཞིས”ལ་བཅར་འདྲི་བྱས་པ་ཡིན། “རེབ་གོང་སྒྱུ་རྩལ་པའི་ཁྱིམ་གཞིས”ཀྱི་འགན་འཁུར་བ་འཇིགས་མེད་རྒྱལ་མཚན་ནི་རྨ་ལྷོ་ཁུལ་དམངས་ཁྲོད་བཟོ་རྩལ་མཁས་ཅན་ཞིག་ཡིན་པ་དང་། ཐང་གའི་སྒྱུ་རྩལ་རྒྱུན་འཛིན་བྱེད་བཞིན་ཡོད་པ་མ་ཟད། སློབ་ཕྲུག་ཚོའི་སྣེ་ཁྲིད་དེ་རྡོ་སྐུ་དང་འཇིམ་བཟོ། བྱེ་གཞོང་རི་མོ་སོགས་སྒྱུ་རྩལ་གྱི་རྣམ་པ་གསར་རྩོམ་བྱེད་བཞིན་ཡོད། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ནས་ཐོན་པའི་རེབ་གོང་སྒྱུ་རྩལ་དེ་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱིས་མིའི་རིགས་ཀྱི“མངོན་མིན་རིག་གནས་ཤུལ་བཞག”གི་མིང་གཞུང་ནང་བཅུག་ཡོད། རེབ་གོང་རིག་གནས་ཀྱི་མཚོན་ཚུལ་གཙོ་བོ་ནི་རེབ་གོང་སྒྱུ་རྩལ(ཐང་ག་དང་ལྡེབས་རིས། འཚེམ་དྲུབ། འཇིམ་བརྐོས། གསེར་བརྐོས། བྱེ་གཞོང་རི་མོ་སོགས་ཡིན)དང་། རེབ་གོང་དྲུག་པའི་ཀླུ་རོལ། རྨ་ལྷོའི་བོད་ཀྱི་ཟློས་གར། ཧོར་རིགས་ཀྱི་བོད་གཏོ། དེ་མིན་འཛུགས་སྐྲུན་གྱི་ཚོན་བྲིས་དང་དམངས་ཁྲོད་ཀྱི་གླུ་གར། མི་རིགས་ཀྱི་རྒྱན་གོས། ཆོས་ལུགས་ཀྱི་རིག་གནས་སོགས་ཡིན། །