འབྲས་དང་ཕྱེ་ཡི་རིགས་ཀྱི་གཙོ་ཟས་མ་ཟོས་ན་ཚོ་བྱང་ཐུབ་བམ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-07-28   རྩོམ་ཁུངས།    མཚོ་སྔོན་བོད་ཡིག་གསར་འགྱུར་དྲ་བ། 

        མི་མང་པོ་ཞིག་གིས་ཚོ་བྱང་དུ་འཇུག་པའི་མགོ་བརྩམས་མ་ཐག་ནས་འབྲས་དང་ཕྱེ་ཡི་རིགས་ཀྱི་གཙོ་ཟས་མི་བཟའ་བ་དང་། འབྲས་དང་ཕྱེ་ཡི་རིགས་ཀྱི་ནུས་ཚད་ཤིན་ཏུ་མཐོ་བར་བསམ་བཞིན་ཡོད། འབྲས་དང་ཕྱེ་ཡི་རིགས་ཀྱི་གཙོ་ཟས་བཟའ་བ་ནི་ངོ་མ་ཚོ་འབུད་པའི་རྒྱུ་གཙོ་བོ་ཡིན་ནམ།

        ཚོ་འབུད་པ་ནི་འབྲས་དང་ཕྱེ་ཡི་རིགས་ཀྱི་གཙོ་ཟས་ཟོས་པའི་སྐྱོན་མ་ཡིན་པར། ཚོ་འབུད་པའི་རྒྱུ་རྐྱེན་ངོ་མ་ནི་ནུས་ཚད་ལྷག་མ་བྱུང་བ་སྟེ། ནུས་ཚད་གཞིབ་ལེན་བྱེད་ཚད་དེ་ཟད་གྲོན་ཚད་ལས་བརྒལ་བ་དང་། ནུས་ཚད་གསོག་པ་ཚད་ལས་བརྒལ་བ་ལས་ལུས་ལ་ཚིལ་བསོགས་པའི་དབང་གིས་ཚོ་བུད་པ་རེད།
        ཐཱན་ཆུ་འདྲེས་སྦྱོར་རྫས་སམ་སྤྲི་དཀར་རྫས་ཁེ་རེ་ཡིས་མིའི་ལུས་སྟེང་དུ་ཧ་ལམ་ནུས་ཚད་སྟོང་ཁཱ་བཞི་ལྷག་བསྐྱེད་ཐུབ་པ་དང་། ཚིལ་ཁེ་རེ་ཡིས་ནུས་ཚད་སྟོང་ཁཱ་དགུ་བསྐྱེད་ཐུབ་པས། དེ་ནི་ཐཱན་ཆུ་འདྲེས་སྦྱོར་རྫས་ཀྱི་ལྡབ་གཉིས་དང་གྲངས་ཆུང་གཉིས་ཡིན། ། དེ་བས། འདི་ལས་རྟོགས་ཐུབ་པ་ནི་ཚིལ་གྱིས་ཐཱན་ཆུ་འདྲེས་སྦྱོར་རྫས་ལས་ཀྱང་འཚོ་བཅུད་ལྷག་མ་བསྐྱེད་པ་རེད།
        དངོས་བཤེར་མཇུག་འབྲས་ལས་གསལ་བ་ལྟར་ན། ཐཱན་ཆུ་འདྲེས་སྦྱོར་རྫས་འདུས་ཚད་དམའ་བའི་ཟས་རིགས་ཀྱིས་དུས་ཡུན་ཐུང་ངུའི་ནང་ལུས་ཀྱི་ལྗིད་ཚད་ཇེ་དམའ་རུ་གཏོང་ཐུབ་པ་རེད། ཡིན་ནའང་། འདི་ནི་དུས་ཡུན་ཐུང་ངུའི་མངོན་ཚུལ་ཙམ་ཞིག་ལས་མ་འདས་ཤིང་། ལོ་གཅིག་གི་དུས་ཚོད་ལ་བརྟགས་ཚེ་དེ་ལ་ཕན་ཐོགས་གང་ཡང་ཡོད་མི་སྲིད། དེས་ན་ཅི་ཞིག་ལ་ཚོ་བྱང་ཐུབ་སོང་བ་རེད་ཟེར་ན། རྒྱལ་སྤྱིའི་སྟེང་ཀུན་གྱིས་ཁས་ལེན་པའི་ཚོ་བྱང་བའི་ཚད་ཐིག་ནི་ལུས་པོའི་ལྗིད་ཚད་ཇེ་ཡང་དུ་སོང་རྗེས་ཟླ་ངོ་དྲུག་གི་རིང་ལ་ཕྱིར་ཚོ་མ་བསོགས་པ་ལ་ཟེར། འོན་ཀྱང་ཐཱན་ཆུ་འདྲེས་སྦྱོར་རྫས་འདུས་ཚད་དམའ་བའི་ཟས་རིགས་བསྟེན་མཚམས་བཞག་ཚེ་སླར་ཡང་མྱུར་དུ་ཕྱིར་ཚོ་འབུད་པ་ཡིན། ཡང་གཅིག་བཤད་ན། ཐབས་འདི་ལྟ་བུས་མི་རྣམས་ལ་གནས་སྐབས་ཀྱི་དགའ་སྣང་ཙམ་སྐྱེད་ཐུབ་ནའང་། ཡུན་རིང་པོར་ཚིགས་དྲུག་སྨྱུག་མ་འདྲ་བའི་སྐྱེ་གཟུགས་སྲུང་འཛིན་བྱེད་དཀའ་ཞིང་ཚོ་བྱང་བར་མཐའ་མཇུག་རྒྱལ་ཁ་ལེན་པ་མངོན་དུ་འགྱུར་དཀའ་བ་ཡིན།
        འབྲས་དང་ཕྱེ་ཡི་རིགས་ཀྱི་གཙོ་ཟས་མ་ཟོས་ན་ལུས་ཀྱི་བདེ་ཐང་ལ་ཤུགས་རྐྱེན་གང་དག་བཟོ་བ་ཡིན་ནམ།

        གཅིག འཚོ་བཅུད་ཀྱིས་མི་འདང་བ། བུད་མེད་མང་ཆེ་ཤོས་ཀྱིས་འབྲས་དང་ཕྱེ་ཡི་རིགས་ཀྱི་གཙོ་ཟས་མི་ཟ་བར་མ་ཟད། ཀྲོ་མ་ཀྲུ་དང་རྡོ་ཀུབ་སོགས་ཐཱན་ཆུ་འདྲེས་སྦྱོར་རྫས་འདུས་ཚད་ཉུང་བའི་ཟས་རིགས་ཁ་སྣོན་བྱས་པ་ཙམ་གྱིས། ཤའི་རིགས་དང་སྲན་མ་དང་སྲན་ཕྱེའི་རིགས་ཇེ་མང་དུ་གཏོང་གིན་མེད། དེ་ལྟར་བྱས་ན་ལྟོག་སྣང་འབྱུང་བ་དང་སྤྲི་དཀར་རྫས་ཀྱི་བསྡུ་ལེན་བྱེད་ཚད་ཚབས་ཆེན་པོས་ཇེ་དམའ་རུ་འགྲོ་བའི་གནད་དོན་འབྱུང་བ་དང་། དུས་མཚུངས་སུ་ལུས་སྟེང་དུ་འཚོ་རྒྱུ་དང་གཏེར་རྒྱུ་རིགས་མང་པོས་མི་འདང་བའི་གནད་དོན་འབྱུང་བ་ཡིན།
    གཉིས། རྒས་སླ་བ། ཐཱན་ཆུ་འདྲེས་སྦྱོར་རྫས་ཀྱི་འདུས་ཚད་དམའ་དྲགས་པས་ཐོང་ནད(酮症)བསྐྱེད་ཅིང་། སྐྱི་པགས་ཇེ་སྡུག་ཏུ་འགྲོ་བ་དང་མགོ་སྐྲ་ལྷུང་ཚད་ཇེ་མང་དུ་འགྲོ་སྲིད། སྔོ་ཚོད་དང་སིལ་ཏོག་མ་གཏོགས་མི་ཟ་བའི་བུད་མེད་ཀྱི་ཁྲོད་དུ། ཁ་ཅིག་ལ་འཚོ་བཅུད་ཀྱིས་མ་འདང་བ་དང་ལྕགས(铁)ཀྱི་མཁོ་འདོན་མ་འདང་བར་བརྟེན་ནས་ཟུངས་ཁྲག་ཉམས་པ་དང་ཟླ་མཚན་ཆད་པ། བསམ་བསེའུ་འཁུམ་པ་སོགས་ཀྱི་གནས་ཚུལ་འབྱུང་བས་མྱུར་དུ་རྒས་སླ་བ་རེད།

        ཀླད་པའི་དྲན་ཤེས་ཉམས་པ། འབྲས་དང་ཕྱེ་ཡི་རིགས་ཀྱི་གཙོ་ཟས་ཟོས་པ་ཉུང་ཚེ། ཐཱན་ཆུ་འདྲེས་སྦྱོར་རྫས་བསྟེན་པ་ཙམ་ཀྱིས་ལུས་པོའི་དགོས་མཁོ་སྐོང་མི་ཐུབ་པར་ལུས་ཁམས་སུ་དངོས་རྒྱུ་གལ་ཆེན་གྱིས་མི་འདང་བའི་གནས་ཚུལ་འབྱུང་བ་སྟེ། དཔེར་ན་རྒུན་འབྲུམ་གྱི་མངར་ཆ་ཇེ་ཉུང་དུ་སོང་བས་ཀླད་པས་བསམ་གཞིག་གཏོང་བར་ཤུགས་རྐྱེན་བཟོ་བ་ཡིན།

        གཅིན་སྙི་ཟ་ཁུའི་ནད་འབྱུང་སླ་བ། གཅིན་སྙི་ཟ་ཁུའི་ནད་བྱུང་བའི་ནད་པའམ་ཡང་ན་རང་ལ་གཅིན་སྙི་ཟ་ཁུའི་ནད་འབྱུང་དོགས་ཆེ་བའི་མི་རྣམས་ཀྱིས་བསམ་གཟས་ནས་འབྲས་དང་ཕྱེ་ཉུང་ཙམ་བཟའ་ཞིང་། དེ་ལྟར་བྱས་ན་མངར་ཆ་བསྟེན་ཚད་ཇེ་ཉུང་དུ་བཏང་ཡོད་སྙམ་བཞིན་ཡོད། དོན་ངོ་མར་ནད་པས་འབྲས་དང་ཕྱེ་ཡི་རིགས་བསྟེན་ཚད་ཉུང་དྲགས་ཏེ་ལུས་པོ་རྒྱུན་པར་ལྟོག་སྣང་གི་རྣམ་པར་གནས་སུ་བཅུག་ན། འགྱུར་འབྱུང་རང་བཞིན་གྱི་ཁྲག་མངར་མཐོ་བའི་ནད་བསྐྱེད་ཅིང་། ནད་འགོག་ནུས་པ་ཇེ་ཞན་དུ་གཏོང་བ་ཡིན། འདི་ལྟར་དུས་ཡུན་རིང་པོ་སོང་ཚེ། ནད་པའི་ལུས་པོ་སྐམ་རིད་དུ་འགྱུར་ཞིང་ཚིལ་རྒྱུ་སོར་སྐྱེ་བྱེད་པ་དང་། ད་དུང་ཚིལ་མཐོའི་ཁྲག་ནད་སོགས་ཞར་བྱུང་ནད་ཀྱང་བསྐྱེད་སླ་བ་ཡིན།

        རྒྱུ་མའི་འབྲས་སྐྲན་འབྱུང་བ། འབྲས་སོགས་མི་བཟའ་བར་ལྟོ་སྟོང་དུ་ཉ་ཤ་སོགས་སྤྲི་དཀར་རྫས་འདུས་ཚད་མཐོ་བའི་ཟས་རིགས་མང་དུ་བསྟེན་ཚེ། སྤྲི་དཀར་རྫས་ཆུད་ཟོས་སུ་གཏོང་བར་མ་ཟད་ལུས་ཀྱི་སྙིགས་རྫས་ཇེ་མང་དུ་གཏོང་བས། སྤྲི་དཀར་རྫས་དབྱེ་ཕྲལ་བྱུང་རྗེས་ཏན(氮)འདུས་སྙིགས་རྫས་མང་དུ་འབྱུང་བ་དང་། དེ་མིན་ད་དུང་མཆིན་པ་དང་མཁལ་མའི་འགན་ཇེ་ལྗིད་དུ་གཏོང་བ་དང་། ལོང་གའི་ནང་གི་རུལ་སྲིན་འཕེལ་བར་ཡང་སྐུལ་བས། རྒྱུ་མའི་འབྲས་སྐྲན་འབྱུང་བའི་ཉེན་ཁ་ཇེ་ཆེར་གཏོང་ལ། ཚིལ་བསྡུ་ལེན་བྱེད་ཚད་མང་དྲགས་པ་ལས་ལོང་གའི་འབྲས་སྐྲན་ཡང་འབྱུང་སླ་བ་རེད། །