གཙང་ཤོག་འདི་གཉིས་ཀྱི་ཁྱད་པར་ཤེས་ན་བཟང་།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-07-28   རྩོམ་ཁུངས།    ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

        མི་ལ་ལས་བཤད་ན་གཙང་ཤོག་ཁྲོད་ཀྱི་ཤོག་དྲིལ་ནི་གསང་སྤྱོད་དུ་བེད་སྤྱོད་བྱེད་དགོས་པས་དེས་ཁ་འཕྱི་མི་རུང་ལ། ཁ་འཕྱི་དུས་འཐེན་ཤོག་བེད་སྤྱོད་བྱེད་དགོས་ཟེར། བཤད་ཚུལ་དེ་བདེན་ནམ། ཁྱོད་ཀྱིས་རྒྱུན་གཏན་གྱི་འཚོ་བའི་ཁྲོད་དུ་ཤོག་དྲིལ་དང་འཐེན་ཤོག་ཇི་ལྟར་སྤྱོད་ཀྱིན་ཡོད་དམ། འདི་གཉིས་ལ་ཁྱད་པར་ཅི་ཞིག་ཡོད་དམ། དེ་རིང་ང་ཚོས་མཉམ་དུ་དེའི་སྐོར་ལ་རྒྱུས་ལོན་ཞིག་བྱ།

        ཕྱི་ནས་བལྟས་ན་ཤོག་དྲིལ་དང་འཐེན་ཤོག་གཉིས་རྣམ་པ་མི་འདྲ་བ་ཙམ་གྱི་ཁྱད་པར་ལས་མེད་མོད།  འོན་ཀྱང་བཟོ་ལས་ཐོན་རྫས་ཤིག་ཡིན་པའི་ཆ་ནས་ཤོག་དྲིལ་དང་འཐེན་ཤོག་གཉིས་ཀ་ཁེ་ལས་ཀྱིས་འབྲེལ་ཡོད་ཚད་གཞི་ལྟར་གཟབ་ནན་ངང་ཐོན་སྐྱེད་བྱས་ཡོད་པས་འདི་གཉིས་ཀྱི་ཁྱད་པར་ལ་རྒྱུས་ལོན་ཟབ་མོ་བྱ་དགོས་ན་རྒྱབ་ཕྱོགས་ཀྱི་ཐོན་སྐྱེད་ཚད་གཞི་ལ་ལྟ་བཤེར་བྱ་དགོས།

        ཁྲོམ་རའི་ཐོག་གི་ཤོག་དྲིལ་ཡོངས་ཁྱབ་ཏུ་གཞི་འཛིན་སའི་ཚད་གཞི་ནི་GB/T 20810-2018《གཙང་ཤོག》(སྔོན་གྱི་གཙང་ཤོག་ཀྱང་འདུས) (གཤམ་དུ་ཤོག་དྲིལ་གྱི་ཚད་གཞི་ཞེས་བསྡུས་མིང་བྲི་རྒྱུ་)ཡིན་ལ། འཐེན་ཤོག་མང་ཆེ་བའི་གཞི་འཛིན་སའི་ཚད་གཞི་ནིGB/T 20808-2022《ཤོག་བུ》(གཤམ་དུ་འཐེན་ཤོག་ཅེས་བསྡུས་མིང་བྲི་རྒྱུ་)ཡིན།

        ཚང་མ་ཚད་གཞི་ཅན་གྱི་མིང་ལ་རྒྱུས་མངའ་དེ་ཙམ་མེད་པས་དེའི་སྐོར་ལ་ངོ་སྤྲོད་རགས་ཙམ་བྱ་རྒྱུ་ཡིན།

        ཚད་གཞི་ཅན་གྱི་ “GB” ནི་ “རྒྱལ་སྤྱི་” ཞེས་པའི་རྒྱ་ཡིག་གི་སྒྲ་སྦྱོར་ཡི་གེ་དང་པོ་འམ་མིང་གཞི་སྟེ།“རྒྱལ་སྤྱིའི་ཚན་གཞི་”ཞེས་པའི་དོན་རེད།

        “T” ཞེས་པ་ནི་རྒྱ་ཡིག་གི་སྒྲ་སྦྱོར་ཡི་གེ་དང་པོའམ་མིང་གཞི་སྟེ།“མཚམས་སྦྱོར་”ཞེས་པའི་དོན་རེད།

        “20810”དང“20808”ནི་ཚད་གཞི་ཅན་གྱི་ཨང་རིམ་རེད།

        ཆེས་མཇུག་གི་ “2018”དང“2022”ནི་ཚད་གཞི་ཅན་གྱི་ཁྱབ་བསྒྲགས་བྱས་པའི་ལོ་ཡིན་ལ། སྤྱིར་བཏང་ཚད་གཞི་འདི་དུས་ངེས་མེད་དུ་གསར་བརྗེས་བྱེད་ཀྱིན་མེད།

        ཚད་གཞི་འདི་གཉིས་ནི་འོས་སྦྱོར་རང་བཞིན་གྱི་རྒྱལ་སྤྱིའི་ཚད་གཞི་ཡིན་པ་ལས་བཙན་གྱིས་བཞག་པ་ཞིག་ག་ལ་ཡིན།

        འོན་ཀྱང་རྒྱལ་ཁབ་ལ་རྒྱལ་ཁྲིམས་དང་། ལས་རིགས་ཀྱི་སྒྲིག་ལམ། ཞིབ་བཤེར་ཆོག་མཆན་དང་ཕྱིར་འཚོང་སོགས་ཕྱོགས་མང་པོའི་ཐད་ལ་བསམ་བློ་བཏང་ནས་ཐོན་སྐྱེད་བཟོ་གྲྭས་ཡོངས་ཁྱབ་ཏུ་ཚད་གཞི་འདི་དག་བརྩི་སྲུང་བྱེད་པ་དང་། མཇུག་མཐའི་ཐོན་རྫས་སྟེང་དུའང་གསལ་བཤད་ཡི་གེ་འབྲི་སྲིད།

        ཤོག་དྲིལ(གཡོན)དང་འཐེན་ཤོག་(གཡས་)ཐོན་རྫས་ཐོག་གི་ཚད་གཞི་གསལ་བཤད། འདྲ་པར་འབྱུང་ཁུངས་ནི་རྩོམ་པ་པོ་རང་ཉིད།

        1ཇུས་འགོད་སྤྱོད་སྒོ་མི་འདྲ་བ།

        ལ་ལ་ཞིག་ཚང་མའི་བློ་ཡུལ་ལས་འདས་པ་ཞིག་ཡིན་མོད། དོན་དངོས་སུ་ཤོག་དྲིལ་གྱི་ཚད་གཞི་ནི་ལེའུ་དང་པོ་ནས་འོས་སྤྱོར་བྱས་ཟིན་པ་ལྟར་གསང་སྤྱོད་དུ་སྤྱོད་དགོས་པ་གསལ་པོར་བསྟན་པ་མ་ཟད། ད་དུང་ཤོག་བུ་འདི་རིགས་ཀྱི་ཕྱི་ཐུམ་སྟེང་དུ་གསང་སྤྱོད་དུ་སྤྱོད་དགོས་ཞེས་པའི་ཡི་གེ་ཡང་འགྲིག་སྟེ། དཔེར་ན་གཤམ་གསལ་ལྟར།

        འོན་ཀྱང་གསལ་བཤད་ཡི་གེ་ཧ་ཅང་ཆུང་བས་མི་མང་པོ་ཞིག་གིས་དོ་སྣང་བྱེད་མི་སྲིད།

        ཤོག་དྲིལ་ཐོན་རྫས་སྟེང་གི་“གསང་སྤྱོད་”གསལ་བཤད་ཡི་གེ། འདྲ་པར་འབྱུང་ཁུངས་ནི་རྩོམ་པ་པོ་རང་ཉིད།

        དེ་དང་བསྡུར་ན། འཐེན་ཤོག་གི་ཚད་གཞིའི་ལེའུ་དང་པོའི་ནང་བེད་སྤྱོད་བྱ་ཡུལ་ནི་ལག་པ་དང་ཁ་འཕྱི་སྤྱད་སོགས་ཡིན་པ་གསལ་པོར་བྲིས་ཡོད།

        གསལ་བཤད་འདི་དག་ལས་ཤོག་དྲིལ་ཇུས་འགོད་བྱེད་པའི་ཐོག་མའི་དམིགས་ཡུལ་ནི་གསང་སྤྱོད་ཁང་དུ་སྤྱོད་ཆེད་ཡིན་པ་དང་། འཐེན་ཤོག་ནི་ཆེད་དུ་ལག་པ་དང་ཁ་སོགས་སུ་སྤྱོད་དགོས་པ་ཤེས་ཐུབ།

        2ཤོག་བུའི་རྒྱུ་ཆའི་བླང་བྱ་མི་འདྲ།

        ཤོག་བུ་བཟོ་བའི་ལག་རྩལ་སྐོར་གླེང་ཚེ་ཚང་མར་རྒྱུས་མངའ་ཡོད་དེ། དེ་ནི་རང་རྒྱལ་གྱི་རླབས་ཆེན་གྱི་གསར་གཏོད་ཆེན་པོ་བཞིའི་གྲས་ཤིག་དང། ཧན་ཤར་མའི་དུས་སྐབས་ཀྱི་ཚའེ་ལུན་གྱིས་ཤོག་བུ་བཟོ་བའི་ལག་རྩལ་ལེགས་བཅོས་བྱས་པ་དང་། ཤིང་ཤུན་སོགས་ཀྱི་རྒྱུ་ཆར་བརྟེན་པས་དངོས་པོ་བཟང་ཞིང་རིན་གོང་ཡང་དམའ་བས་ཤོག་བུའི་ཁྱབ་གདལ་དང་བེད་སྤྱོད་ནུས་པར་ཡར་སྐུལ་ཆེན་པོ་ཐོབ་ཡོད་པ་རེད།

        དོན་དངོས་སུ་དུས་ད་ལྟའི་བར་དུ། རྒྱུན་བཀོལ་ཤོག་བུའི་མ་བཅོས་རྒྱུ་ཆ་དང་གནའ་མིའི་བར་གྱི་ཁྱད་པར་དེ་འདྲ་མི་ཆེ་ལ། རིགས་དབྱེ་སྟངས་ཀྱང་གཤམ་གསལ་ལྟར། ཤོག་འདམ་ཁྲོད་ཀྱི་ཚི་སྣ་བཀོལ་ནས་དྲག་ཚད་དང་མཉེན་གཤིས་ཡོད་པའི་ཤོག་བུ་བཟོས།

        ཤོག་འདམ་གྱི་དབྱེ་བ། འདྲ་པར་འབྱུང་ཁུངས། རྩོམ་པ་པོ་རང་ཉིད་ཀྱིས་བཟོས།

        སྤྱིར་བཏང་གདོད་མའི་ཤིང་སྐྱོ་ཡི་སྤུས་ཀ་ཆེས་བཟང་བ་དང་། གདོད་མའི་ཤིང་སྐྱོ་མ་ཡིན་པའི་རྒྱུ་ཆ་དེ་འདྲ་མི་བཟང་ལ། ཕྱིར་བཀོལ་པའི་ཤོག་འདམ་ནི་རྒྱུ་སྤུས་ཆེས་ཞན་པའི་རིགས་རེད། ཤོག་དྲིལ་གྱི་ཚད་གཞིའི་ནང་དུ་གདོད་མའི་ཤིང་སྐྱོ་དང་ཡང་ན་བསྐྱར་བཀོལ་ཤིང་སྐྱོ་སྤྱོད་ཆོག་པ་དང་། གདོད་མའི་ཤིང་སྐྱོའི་ཤོག་དྲིལ་གྱི་སྤུས་ཚད་ལྟར་སྤུས་ལེགས་ཀྱི་རིགས་དང་རིམ་པ་དང་པོའི་རིགས། ཚད་གཞི་དང་མཐུན་པའི་རིགས (སྤུས་ལེགས་ཀྱི་ཐོན་རྫས་ཡག་ཤོས་དང་ཚད་གཞི་དང་མཐུན་པའི་ཐོན་རྫས་ནི་རྒྱུ་སྤུས་ཆེས་ཞན་པའི་རིགས་རེད།)བཅས་སུ་དབྱེ་ཆོག འཐེན་ཤོག་གྱི་ཚད་གཞི་ནི་ངེས་པར་དུ་གདོད་མའི་ཤིང་སྐྱོ་ཡིན་དགོས་པ་དང་། སྤྱིར་བཏང་གི་རིགས་དེ་སྤུས་ལེགས་ཅན་དང་ཚད་གཞི་དང་མཐུན་པའི་ཐོན་རྫས་རིགས་གཉིས་སུ་དབྱེ་ཆོག

        ཡིན་ན་ཡང་ཚང་མས་སེམས་ཁྲལ་ཆེན་པོ་བྱ་མི་དགོས་ཏེ། ཚོང་ཟོག་དངོས་ཀྱི་ཁྲོད་དུ་ཚོང་རྟགས་གྲགས་ཅན་གྱི་ཤོག་དྲིལ་མང་ཆེ་བའི་རྒྱུ་ཆ་ཚང་མ་གདོད་མའི་ཤིང་སྐྱོ་བརྒྱ་ཆ་བརྒྱ་ཡིན་པ་གསལ་པོར་བཀོད་ཡོད་པས་སྤུས་ཚད་ལ་ཁག་ཐེག་ཡོད་སྲིད། གཞན་ཡང་ཉེ་བའི་ལོ་ཤས་རིང་ཚོང་པས་ཤིང་སྐྱོ་དྲིལ་བསྒྲགས་བྱེད་སྐབས་ཚང་མར་དྲན་སྐུལ་བྱ་དགོས་པ་ཞིག་ནི། ཤིང་སྐྱོ་དག་མ་དང་གདོད་མའི་ཤིང་སྐྱོ་གཉིས་ལ་ཁྱད་པར་ཡོད་དེ། གདོད་མའི་ཤིང་སྐྱོ་ནི་རང་བྱུང་ཤིང་ཆ་ཡིན་ཞིང་ཤིང་སྐྱོ་དག་མའི་ཁོངས་སུ་ཚུར་བསྡུ་བྱས་པའི་ཤིང་སྐྱོ་རྙིང་པའང་ཚུད་ཡོད་པ་རེད།

        ཤོག་དྲིལ་དང་འཐེན་ཤོག་གཉིས་ཀྱི་ཤོག་སྐྱོ་དང་སྤུས་ཚད་གསལ་བཤད། འདྲ་པར་འབྱུང་ཁུངས། རྩོམ་པ་པོ་རང་ཉིད།

        3སྐྱེ་དངོས་ཕྲ་རབ་ཀྱི་བླང་བྱ་མི་འདྲ་བ།

        ཐོན་སྐྱེད་ཚད་གཞིའི་སྟེང་དུ་ཤོག་དྲིལ་ཐོག་ཏུ་འབུ་ཕྲ་ཆགས་ཚད་ཀྱི་སྡོམ་གྲངས་600CFU/gལས་བརྒལ་མི་ཆོག་པ་དང་། འཐེན་ཤོག་གི་སྡོམ་གྲངས་200CFU/gལས་བརྒལ་མི་ཆོག CFUནི་འབུ་ཕྲ་གྲུབ་པའི་འཇལ་བྱེད་ཅིག་ཡིན་ལ། “600”དང“200”ནི་གསོ་སྣོད་སྟེང་ཆགས་པའི་འབུ་ཕྲའི་གྲངས་འབོར་ལ་གོ་བ་ལེན་ཆོག

        གལ་ཏེ་ཤོག་བུའི་སྟུག་ཚད0.5g/cm³ལྟར་བརྩིས་ན། ཤོག་དྲིལ་གཅིག་གི་རིང་ཚད་16cmདང་ཞེང་ཚད12cm། མཐུག་ཚད་0.025cmཡིན་པའི་དབང་དུ་བཏང་ན། ལྗིད་ཚད་ནི་16×12×0.25×0.5=2.4gཡིན། འབུ་ཕྲའི་སྡོམ་གྲངས་ནི་1440CFUཡིན་པ་རེད། འཐེན་ཤོག་ཞིག་ལ་ཆ་བཞག་ན་གལ་ཏེ་རིང་ཚད་20cmདང་ཞེང་ཚད་16cm། མཐུག་ཚད0.025cmཡིན་པའི་དབང་དུ་བཏང་ན། ལྗིད་ཚད་20×16×0.025×0.5=4gཡིན་པ་དང་འབུ་ཕྲའི་ཤི་འབོར་ནི800CFUཡིན་པ་རེད།

        ཤོག་དྲིལ་གཅིག་ཅན་གྱི་རྒྱ་ཁྱོན་ནི་སྤྱིར་བཏང་དུ་འཐེན་ཤོག་གཅིག་ཅན་ལས་ཆུང་བས། ཤོག་དྲིལ་ཅན་གྱི་སྤྱོད་ཚད་ཀྱང་སྔར་བས་མང་པོ་ཡོད་པས་འཚོ་བ་དངོས་ཀྱི་ཁྲོད་དུ་དེ་གཉིས་ཀྱི་འབུ་ཕྲའི་གྲངས་འབོར་ལ་ཁྱད་པར་ཧ་ཅང་ཆེ། ཤོག་བུ་མི་འདྲ་བའི་ཆེ་ཆུང་དང་མཐུག་ཚད་མི་འདྲ་བས་ཚོད་རྩིས་འདི་དཔྱད་གཞི་ཙམ་དུ་འདོན་སྤྲོད་བྱས་པ་དང་བྱེ་བྲག་གི་བརྟག་དཔྱད་དེ་ཚད་གཞིར་འཛིན་དགོས།

        ཤོག་དྲིལ་དང་འཐེན་ཤོག་གཉིས་ཀྱི་ཞིབ་བསྡུར། འདྲ་པར་འབྱུང་ཁུངས་ནི་རྩོམ་པ་པོ་རང་ཉིད་རེད།

        གྲངས་འབོར་གྱི་ཐད་ནས་བལྟས་ན། འཐེན་ཤོག་དངོས་ནས་ཤོག་དྲིལ་ལས་གཙང་མ་རེད། འོན་ཀྱང་གཙང་ཚད་ཇི་ཙམ་ཡིན་པའི་སྐོར་ལ་ཚང་མར་ཞིབ་ཕྲའི་གོ་དོན་ཞིག་མེད་པ་འདྲ། ང་ཚོ་མི་རེ་རེ་ལ་ཆ་རྒྱུས་ཡོད་པའི་ལག་པ་དང་ཁ་པར་ལ་དཔེ་བཞག་ནས་གསལ་བཤད་ཅིག་བྱས་ན།  སྤྱི་ལོ་2015ལོར་ཁྲེང་ཏུའུ་གྲོང་ཁྱེར་མི་དམངས་སྨན་ཁང་གསུམ་པས་གོ་ལ་ཧྲིལ་པོའི་ལག་པ་འཁྲུ་བའི་ཉིན་མོར་ཐོག་ཁང་ཆེ་མོར་སོང་ནས་འབུ་ཕྲ་ཞིབ་དཔྱད་ཀྱི་སྤྱི་ཕན་རྣམ་གྲངས་ཤིག་སྤེལ་བ་ན། མཐར་ལས་གནས་མི་སྣས་ལག་པ་མ་བཀྲུས་སྔོན་གྱི་ལག་པའི་སྟེང་གི་འབུ་ཕྲའི་སྡོམ་གྲངས་500CFUཟིན་གྱི་ཡོད་པ་ཤེས་རྟོགས་བྱུང་།

        གལ་ཏེ་ཤོག་དྲིལ་དང་འཐེན་ཤོག་གཉིས་ཀ་ཚད་གཞི་ལོན་ཚེ། ཤོག་དྲིལ་གཅིག་དང་འཐེན་ཤོག་གཅིག་གི་སྟེང་གི་འབུ་ཕྲའི་གྲངས་འབོར་གྱི་ཁྱད་པར་ནི་ལག་པ་གཅིག་གི་སྟེང་གི་འབུ་ཕྲིའི་གྲངས་འབོར་དང་ཕལ་ཆེར་འདྲ་བ་རེད།

        གླེང་རིན་ཡོད་པ་ཞིག་ནི་ལག་པ་བཀྲུས་ན་ལག་པའི་ནང་གི་འབུ་ཕྲ་ཇེ་ཉུང་དུ་གཏོང་ཐུབ།

        ཚང་མར་དྲན་སྐུལ་བྱ་རྒྱུ་ཞིག་ནི་ལག་ཁྱེར་ཁ་པར་གྱི་ཡོལ་ངོས་ནིའང་མི་གཙང་བ་གནས་ས་གཙོ་བོ་ཞིག་ཡིན་པས་དུས་ལྟར་ཁ་པར་གཙང་མ་བྱེད་དགོས་པ་དང་། ཟ་མ་ཟ་དུས་ཁ་པར་ལ་མ་རེག་ན་བཟང་།

        4ལག་རྩལ་གྱི་དམིགས་ཚད་མི་འདྲ་བ།

        ཤོག་དྲིལ་དང་འཐེན་ཤོག་གཉིས་ཀྱི་ལག་རྩལ་དམིགས་ཚད་ལ་མི་འདྲ་ས་མང་པོ་ཡོད་པ་རེད། དོ་སྣང་བྱེད་ས་ནི་གནས་སྤོར་རང་བཞིན་གྱི་འོད་ཆེམ་དངོས་རྫས་དང་། ལྕགས་རིགས་ལྗིད་མོའི་རིགས་འདུས་ཚད། གཞུང་ཕྱོགས་རློན་འགོག་དྲག་ཚད་བཅས་རེད།

        གནས་སྤོར་རང་བཞིན་ཞེས་པ་ནི་དངོས་པོ་ཕན་ཚུར་བར་ཐུག་འཕྲད་བྱུང་ནས་པགས་པ་དང་འབྱར་སྐྱི་ལ་སྤོ་བསྒྱུར་བྱས་པ་ལ་ཟེར། འོད་ཆེམ་དངོས་རྫས་ཞེས་པ་ནི་ཐོན་སྐྱེད་བཟོ་གྲྭས་ཤོག་བུ་དཀར་པོ་བཟོ་ཆེད་འོད་ཆེམ་སྤྱད་པ་པ་ལ་ཟེར་ཞིང་། དེ་ནི་རྙོག་འཛིང་ཆེ་བའི་སྐྱེ་ལྡན་འདྲེས་འགྱུར་རྫས་ཤིག་ཡིན་ལ་ལུས་པོར་གནོད་པ་བཟོ་སྲིད།

        མིའི་སྐྱི་པགས་ཕྱི་ངོས་སུ་སྐོགས་རིམ་ཡོད་པ་དེས་སྐྱི་པགས་ཀྱིས་འོད་ཆེམ་དཀར་སྐྱེད་རྫས་ལྟ་བུའི་ཆ་རྡུལ་ཆེ་བའི་སྐྱེ་ལྡན་རྫས་བསྡུ་ལེན་བྱེད་པར་བཀག་འགོག་བྱེད་ཐུབ་མོད། འོན་ཀྱང་ང་ཚོས་ཤོག་བུས་ཁ་ཕྱི་སྐབས། གལ་ཏེ་ཤོག་བུའི་ནང་དུ་གནས་སྤོར་ཐུབ་པའི་འོད་ཆེམ་དཀར་སྐྱེད་རྫས་ཡོད་ན་དེ་ཁ་ནང་དུ་འཛུལ་ནས་བདེ་ཐང་ལ་གནོད་པའི་ཉེན་ཁ་བཟོ་སྲིད།

        ཐོན་སྐྱེད་ཚད་གཞིའི་ཁྲོད་དུ། འཐེན་ཤོག་དང་སྡོད་མའི་ཤིང་སྐྱོ་ཡིས་བཟོས་པའི་ཤོག་བུར་མཚོན་ན་གནས་སྤོར་རང་བཞིན་གྱི་འོད་ཆེམ་དངོས་པོར་ཞིབ་དཔྱད་ཚད་ལེན་བྱེད་མི་ཆོག་མོད། འོན་ཀྱང་ཡང་བསྐྱར་བཀོལ་བའི་ཤོག་དྲིལ་ལ་དེ་འདྲིའི་རེ་བ་བཏོན་མེད་པས་མངོན་མེད་ཉེན་ཁ་ཡོད་སྲིད་དོ།

        ལྕགས་རིགས་ལྗིད་མོའི་འདུས་ཚད་སྟེང་དུ་འཐེན་ཤོག་གི་བཤེར་འཇལ་གྲུབ་ཆའི་རིགས་ནི་ཤོག་དྲིལ་ལས་མང་བ་དང་། ཚད་གཞིའང་ནན་མོ་ཡིན། སྤྱོད་སྒོའི་དགོས་མཁོའི་དབང་གིས་འཐེན་ཤོག་ལ་གཞུང་ཕྱོགས་ཀྱི་བརླན་འགོག་ནུས་པ་ཆེ་བ་དང་བེད་སྤྱོད་སྐབས་སུ་ཆུ་དང་ཐུག་རུང་སྔར་བཞིན་ཅུང་ཙམ་སྲ་མོ་ཡིན་པས་གང་སར་ཤོག་རྡུལ་འཇར་མི་སྲིད་པས་ཁ་དང་ལག་པ། མདུན་ཅོག་སོགས་འཕྱི་བར་སྟབས་བདེ་ཡིན་པ་རེད། ཤོག་དྲིལ་གྱི་གཞུང་ཕྱོགས་ཀྱི་བརླན་འགོག་ནུས་པའི་བླང་བྱ་ཅུང་དམའ་བས་གསང་སྤྱོད་དུ་སོང་རྗེས་ཆུ་དང་ཐུག་ཚེ་མྱུར་དུ་བརྡལ་འགྲོ་བས་ས་འོག་ཆུ་ལམ་མི་འགག་པ་རེད།

        ང་ཚོས་ཚོད་ལྟ་ཆུང་ཆུང་ཞིག་བྱས་ནས་ར་སྤྲོད་བྱ་ཆོག་སྟེ། འདྲ་པར་ལས་མངོན་པ་ལྟར། ཤོག་དྲིལ་གཅིག་དང་འཐེན་ཤོག་གཅིག་རེ་རེ་བཞིན་ཆུ་བླུགས་ཡོད་པའི་ཕོར་བའི་ནང་དུ་བཞག་ནས་དུས་ཚོད་འདྲ་མཚུངས་ནང་དཀྲུགས་རྗེས་ཤོག་དྲིལ་བརྡལ་ནས་ཕོར་བའི་ནང་གི་ཆུ་རྙོག་པོར་གྱུར་པ་དང་། འཐེན་ཤོག་ལ་འགྱུར་བ་མེད་པ་དང་ཕོར་བའི་ནང་གི་ཆུ་ཡང་དྭངས་མོར་ལུས་འདུག

        དཀྲུགས་དཀྲུགས་བྱས་པའི་ཚོད་ལྟའི་མཇུག་འབྲས། གཡོན་ཕྱོགས་ནི་ཤོག་དྲིལ་དང་། གཡས་ཕྱོགས་ནི་འཐེན་ཤོག འདྲ་པར་འབྱུང་ཁུངས། རྩོམ་པ་པོ་རང་ཉིད།

        མགོ་བརྩམས་མ་ཐག་པའི་གནད་དོན་སྟེང་ཕྱིར་བབས་ནས་བརྗོད་ན། ཤོག་དྲིལ་གྱིས་དོན་ངོ་མར་ཁ་འཕྱི་རུང་ངམ། གོང་གི་དབྱེ་ཞིབ་ལས་ང་ཚོས་ཤེས་པ་ལྟར་ན། ཤོག་དྲིལ་གྱི་དམིགས་ཚད་ཚང་མ་གསང་སྤྱོད་ཁང་ལ་ཁ་ཕྱོགས་ཡོད་པས། གལ་ཏེ་ཆ་རྐྱེན་འཛོམས་ཚེ་ཆེད་སྤྱོད་ཤོག་བུ་བཀོལ་ན་བཟང་སྟེ། ཁ་དང་ལག་པར་འཕྱི་བར་འཐེན་ཤོག་དང་གསང་སྤྱོད་ཁང་དུ་ཤོག་དྲིལ་བཀོལ་ན་བཟང་། མིང་རྟགས་ཅན་གྱི་ཤོག་དྲིལ་མང་ཆེ་བའི་རྒྱུ་སྤུས་ཀྱང་ཅུང་བཟང་བས། གལ་ཏེ་འཐེན་ཤོག་བཟུང་མེད་ཚེ་རང་གི་དགོས་མཁོའི་ཆེད་དུ་གནས་སྐབས་སུ་སྤུས་བཟང་ཅན་གྱི་ཤོག་དྲིལ་གྱིས་འཐེན་ཤོག་གི་ཚབ་བྱས་རུང་སྐྱོན་མེད། འོན་ཀྱང་གལ་ཏེ་རྒྱུ་སྤུས་མི་གསལ་བའི་ཤོག་དྲིལ་ཡིན་ན་འཛེམ་དོགས་བྱས་ཏེ་ཁ་མ་ཕྱིས་ན་བཟང་།

        མཇུག་མཐར་ཚང་མར་གསལ་འདེབས་བྱ་དགོས་པ་ཞིག་ལ། ཤོག་དྲིལ་དང་འཐེན་ཤོག་གང་ཞིག་ཡིན་རུང་ཚང་མར་སྤུས་ཉར་དུས་ཡུན་ཡོད་དེ། སྤྱིར་བཏང་ལོ3ཡིན་ཏེ་ཤོག་ཐུམ་སྟེང་དུའང་གསལ་བཤད་ཡོད་པ་རེད། ཤོག་བུའི་སྐྱེ་དངོས་ཕྲ་རབ་ཀྱི་གྲངས་ཀ་དེ་བཀོལ་སྤྱོད་ཀྱི་ཁྱབ་ཁོངས་ལས་བརྒལ་སྲིད་ལ། དྲག་ཚད་དང་མཉེན་གཤིས་ལ་ཡང་ཁག་ཐེག་མེད། སྐབས་དེ་དུས་ཚང་མས་ཤོག་བུ་དེ་དག་མུ་མཐུད་དུ་བཀོལ་སྤྱོད་མི་བྱེད་པ་དང་། མ་མཐར་ཡང་སྐྱི་པགས་མི་འཕྱི་བར་(ཅོག་ཙེ་དང་ཆ་སྒམ་སོགས་འཕྱི་ཆོག)ང་ཚོའི་ལུས་པོའི་བདེ་ཐང་ལ་སྲུང་སྐྱོབ་བྱ་དགོས་པའི་གྲོས་གཞི་བཏོན་པ་ཡིན།