དབྱར་གཞུང་གི་དཔལ་དགེ་རྡོ་འབུམ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-07-27   རྩོམ་ཁུངས།    ཁམས་པའི་དྲ་བ།

        བྱང་སྡེ་ཉི་མ་རྫ་ཆུ་ཁ་ནི་ས་ལ་དགེ་བཅུའི་དཔལ་གྱིས་ཕྱུག་ཅིང་། རིག་གནས་ཕུན་སུམ་ཚོགས་པའི་ཡུལ་སྡེ་ཞིག་ཡིན་ཞིང་། གནས་དེ་ལ་འཛམ་གླིང་ཆེས་མཛེས་པའི་འདམ་ར་དང་། ལོ་ངོ་སྟོང་གི་ཐང་བོད་གནའ་ལམ། རྡོ་བརྐོས་སྒྱུ་རྩལ་གྱི་འབྱུང་ཡུལ། བཀྲ་ཤིས་པའི་བྱང་སྡེ་ཉི་མ་སོགས་ཀྱི་མཚན་སྙན་ཐོབ་ཡོད། དེ་ལས་དཔལ་དགེ་མ་ཎི་རྡོ་འབུམ་ནི་སེར་ཤུལ་རྫོང་ཁྲོམ་རྫ་གོང་མ་ཡུལ་ཤོག་གི་རྫ་རྒྱལ་འཕན་ཕྱུག་གི་འདབས་རོལ་རྫ་མ་མོ་ཐང་ཞེས་པར་བཞེངས་ཡོད་ཅིང་། རྫོང་ཐོག་ནས་སྤྱི་ལེ་ལྔ་བཅུ་ལྷག་ཙམ་ཡོད། ས་གནས་དེ་གའི་བཤད་སྲོལ་ལྟར་ན། དཔལ་དགེ་བླ་མ་བསམ་གཏན་ཕུན་ཚོགས་ཀྱིས་རབ་བྱུང་བཅུ་གཅིག་པའི་ལྕགས་འབྲུག་ལོ་སྟེ་སྤྱི་ལོ1640ལོར་རྡོ་རྐོ་མ་ཎི་ཚེ་རིང་ཞེས་པ་ཞིག་དང་འཕྲད་དེ་རྟགས་རྟེན་འབྲེལ་འགྲིག་ནས་རྡོ་འབུམ་དེ་ཐོག་མར་གསར་བཞེངས་བྱས་པར་གྲགས། དཔལ་དགེ་མ་ཎི་རྡོ་འབུམ་གྱི་སྤྱིའི་རིང་ཚད་ལ་སྤྱི་ལེ1.7ལྷག་ཡོད་ཅིང་། རྩིག་པའི་རྒྱ་ཞེང་ལ་སྨི1ནས་སྨི3བར་དང་རྩིག་པའི་མཐོ་ཚད་ལ་སྨི2.5ནས་སྨི3.5བར་ཡོད། དེར་ལོ་ངོ་བཞི་བརྒྱར་ཉེ་བའི་ལོ་རྒྱུས་ཡོད་ཅིང་དེ་ནི་འཛམ་གླིང་སྟེང་གི་ཆེས་རིང་བའི་མ་ཎི་རྡོ་འབུམ་ཞིག་ཡིན་ལ་བྱང་སྡེ་ཉི་མ་རྫ་ཆུ་ཁའི་རྡོ་བརྐོས་རིག་གནས་ཀྱི་ཉིང་བཅུད་ཀྱང་ཡིན་ནོ། །