ཁྱོད་ཀྱི་ཁ་པར་ཨང་གྲངས་དྲ་རྒྱའི་ཨང་གྲངས་ག་ཚོད་ལ་འབྲེལ་ཡོད་དམ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-07-26   རྩོམ་ཁུངས།    ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

        ཁྱོད་ཀྱི་མིང་ཐོག་གི་ཁ་པར་ཨང་གྲངས་དེ་དྲ་རྒྱའི་ཨང་གྲངས་ག་ཚོད་ལ་འབྲེལ་ཡོད་དམ། མི་གཞན་གྱིས་དྲ་རྒྱའི་ཨང་གྲངས་རྫུན་སྤྱོད་བྱས་མྱོང་ངམ། གལ་ཏེ་གཞན་གྱིས་ཐོ་འགོད་བྱས་པ་ཤེས་ཚེ་ཇི་ལྟར་བྱེད་དགོས་སམ།

དེ་རིང་བཟོ་ལས་དང་ཆ་འཕྲིན་ཅན་པུའུ་ཡིས། “ལག་ཁྱེར་གཅིག་གིས་ཞིབ་བཤེར་བྱེད་པ 2.0”་ཞེས་པའི་ཞབས་ཞུ་དངོས་སུ་བཏོན་པ་དང་། རྒྱལ་ཡོངས་དྲ་རྒྱའི་ཨང་གྲངས་“ལག་ཁྱེར་གཅིག་གིས་ཞིབ་བཤེར་བྱེད་པ”དང་སྤྱོད་མཁན་གྱིས་ལག་ཁྱེར་ཁ་པར་གྱི་ཨང་གྲངས་དང་ཐོབ་ཐང་ལག་ཁྱེར་གྱི་མཇུག་གི་ཨང་གྲངས་དྲུག་ལ་བརྟེན་ནས། མི་སྒེར་གྱི་མིང་ཐོག་ཏུ་ཡོད་པའི་ཁ་པར་ཨང་གྲངས་དང་འབྲེལ་ཡོད་ཀྱི་དྲ་རྒྱའི་ཨང་གྲངས་ཀྱི་གྲངས་ཀ་འཚོལ་ཆོག་གི་ཡོད་པ་རེད།

        ཅི་ཞིག་ལ་“ལག་ཁྱེར་གཅིག་གིས་ཞིབ་བཤེར་བྱེད་པ2.0”ཟེར་རམ།

        “ལག་ཁྱེར་གཅིག་གིས་ཞིབ་བཤེར་བྱེད་པ་2.0”ཞེས་པ་ནི་བཟོ་ལས་དང་ཆ་འཕྲིན་པུའུ་ཡི་དྲ་རྒྱའི་བདེ་འཇགས་དོ་དམ་ཅུས་ཀྱི་མཛུབ་ཁྲིད་འོག བཟོ་ལས་དང་ཆ་འཕྲིན་པུའུ་ཡི་ཁ་བསླུས་ངོ་རྒོལ་ལྟེ་གནས(ཀྲུང་གོ་ཆ་འཕྲིན་འཕྲིན་གཏོང་ཞིབ་འཇུག་གླིང་)ཀྱིས་རྒྱལ་ཡོངས་ཀྱི་སྤོ་འགུལ་ཁ་པར་བྱང་བུར་བརྟེན་ནས་“ལག་ཁྱེར་གཅིག་གིས་ཞིབ་བཤེར་བྱེད་པའི”ཞབས་ཞུའི་རྨང་གཞིའི་ཐོག་དྲ་རྒྱའི་ཁེ་ལས་དང་གློག་འཕྲིན་ཁེ་ལས་ལ་མཉམ་འབྲེལ་བྱས་ནས་བཏོན་པའི་རྒྱལ་ཡོངས་ཀྱི་དྲ་རྒྱའི་ཨང་གྲངས་འཚོལ་ཆོག་པའི་དམངས་ཕན་ཞབས་ཞུ་ཞིག་ཡིན་པ་རེད།

མིག་སྔར་ཞབས་ཞུ་དེས་ཐེང་ཤུན་དང་། ཨ་ལི་པ་པ། གཏོང་སྤྲོད་སྦོ། པའེ་ཏུ། མགྱོགས་འཕྲིན། ཁྱུགས་དབྱིངས། ཅིང་ཏུང་། མེ་ཐོན་བཅས་ཁེ་ལས་8ཀྱི་དྲ་རྒྱའི་ཨང་གྲངས་འཚོལ་བར་རྒྱབ་སྐྱོར་བྱས་ཡོད་པ་དང་། རྗེས་ཕྱོགས་ད་དུང་དྲ་རྒྱའི་ཁེ་ལས་དེ་བས་མང་བར་སྦྲེལ་མཐུད་བྱ་རྒྱུ་ཡིན་པ་རེད།