“འཛམ་གླིང་གི་སེམས་ཀྱི་ཉི་ཟླ”2022ལོའི་ཀྲུང་གོའི་རྒྱལ་སྤྱིའི་ཡུལ་སྐོར་ཉོ་ཚོང་འདུ་ཚོགས་སུ་བཀྲག་མདངས་འཚེར།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-07-26   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།  ཟླ7པའི་ཚེས་22ཉིན།  རིག་གནས་དང་ཡུལ་སྐོར་པུའུ་དང་།  ཀྲུང་གོའི་དམངས་སྤྱོད་མཁའ་འགྲུལ་ཅུས།  ཡུན་ནན་ཞིང་ཆེན་སྲིད་གཞུང་བཅས་ཀྱིས་གཙོ་སྒྲུབ་བྱེད་པའི་2022ལོའི་ཀྲུང་གོའི་རྒྱལ་སྤྱིའི་ཡུལ་སྐོར་ཉོ་ཚོང་འདུ་ཚོགས་ཁུན་མིང་ཏེན་ཁྲི་རྒྱལ་སྤྱིའི་འགྲེམས་སྟོན་ལྟེ་གནས་སུ་འགོ་ཚུགས་པ་དང་།  བདེ་ཆེན་ཁུལ་གྱིས་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་གླུ་གར་དང་མཐོ་སྒང་གི་ཐོན་རྫས་སྣ་ཚོགས་ཁྱེར་ནས་འདུ་ཚོགས་སུ་ཞུགས་ཡོད།  

        བདེ་ཆེན་གྱི་བརྗོད་བྱ་གཙོ་བོར་འགྲེམས་གནས་ནི་སྨན་རི་རྒྱབ་ལྗོངས་བྱས་ནས་བདེ་ཆེན་གྱི་ལངས་གཟུགས་འགྲིམ་འགྲུལ་དྲ་རྒྱ་འཛུགས་སྐྲུན་གྲུབ་འབྲས་འབུར་དུ་ཐོན་ཡོད་དེ།མྱུར་བགྲོད་ལྕགས་ལམ་དང་མྱུར་བགྲོད་གཞུང་ལམ།  མཁའ་འགྲུལ་ལམ་ཐིག་སོགས་གཙོར་བྱས་པའི་འགྲིམ་འགྲུལ་ལམ་ཐིག་བདེ་ཆེན་གྱི་རིག་གནས་ཡུལ་སྐོར་ཁྱོན་ཡོངས་ལ་ཁྱབ་ཡོད།  ཤེས་གསལ་བྱུང་དོན།  2021ལོར་སེམས་ཀྱི་ཉི་ཟླ་ནས་ས་དམ་བར་གྱི་མྱུར་བགྲོད་གཞུང་ལམ་ཤར་གཏོང་ཐུབ་པ་དང་ས་དམ་ནས་སེམས་ཀྱི་ཉི་ཟླ་བར་གྱི་ལྕགས་ལམ་ཡང་ཡུན་རིང་མི་འགོར་བར་ཤར་གཏོང་བྱ་རྒྱུ་ཡིན་ལ། དེ་མིན་བདེ་ཆེན་ནས་རྒྱལ་ནང་གི་ས་ཆ་སོ་སོའི་བར་གྱི་མཁའ་ལམ་སྔ་རྗེས་སུ་སླར་གསོ་བྱུང་ཡོད་པ་དང་མིག་སྔར་ཉིན་རེར་གནམ་གྲུ་ལན་གྲངས་ཐེངས་བརྒྱད་རེ་ཟིན་ཡོད་པ་རེད།

        འགྲེམས་གནས་སུ་གར་སྟེགས་ལྟེ་གནས་ཀྱི་ཡོལ་བ་ཆེན་པོར་སྨན་རི་དང་པོ་ཏ་མཚོ།སྟག་མཆོང་གྲོག་རོང་།  འབའ་ལྷག་དཀར་རྫོང་།  སུམ་རྩེན་གླིང་།  རྡོ་མཁར་རྫོང་སོགས་བདེ་ཆེན་གྱི་ལྗོངས་ཁུལ་གཙོ་བོ་ཁག་དང་།  ཐང་ཀ་དང་བོད་སྤོས།  ཤིང་ཕོར།  ནས་རག་སོགས་ཁྱད་ལྡན་གྱི་དངོས་མིན་རིག་གནས་ཤུལ་བཞག་འགྲེམ་སྟོན་བྱེད་ཡོད་དེ་བདེ་ཆེན་གྱི་རིག་གནས་ཡུལ་སྐོར་གྱི་བཀྲག་མདངས་འཚེར་ས་རེ་རེ་བཞིན་མངོན་ཡོད་པ་རེད།

        བདེ་ཆེན་ཁུལ་རིག་གནས་དང་ཡུལ་སྐོར་ཅུས་ཀྱིས་ཡུན་ནན་ནུབ་རྒྱུད་ཀྱི་ཡུལ་སྐོར་སྐོར་ལམ་ཆེན་མོ་དང་ཉི་ཤར་རྫ་ནགཐང་ཀ སུམ་གླིང་བོད་སྤོས། ནས་རག་སོགས་དང་ལག་གདང་སྦྲེལ་པ་དང་འཁྲབ་སྟོན་མི་སྣ་རྩ་འཛུགས་བྱས་ནས་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ཐོན་རྫས་དང་གླུ་གར་གྱིས་རྒྱ་ཆེ་བའི་གྲོང་མི་དང་ཡུལ་སྐོར་བ་སོགས་ཀྱི་ཡིད་དབང་བཀུག་ཡོད་པ་རེད།