རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-07-22   རྩོམ་ཁུངས།    ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
སྤྱི་ཟླ་7ཚེས་20ཉིན། མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ཁུལ་གྱིས་“ཀྲུང་གོའི་འབྲི་གཡག་གྲོང་”ཞེས་པའི་སྒོ་བྱང་སྤྲོད་པའི་མཛད་སྒོ་དང་། “འཛམ་གླིང་གི་འབྲི་གཡག་གྲོང་”ཞེས་པའི་རེ་ཞུའི་མཛད་སྒོ། ཡུལ་ཤུལ་གྱི་འབྲི་གཡག་ས་ཁོངས་ཀྱི་སྤྱི་སྤྱོད་སྤུས་རྟགས་ཡོངས་བསྒྲགས་མཛད་སྒོ་བཅས་གཉེར་བ་མ་ཟད། སྐབས་དང་པོའི་འཛམ་གླིང་གི་འབྲི་གཡག་རྒྱུན་མཐུད་གོང་འཕེལ་གྱི་“ཡུལ་ཤུལ་གྱི་བསྒྲགས་གཏམ་”ཞེས་པ་སྒྲོག་སྦྱངས་བྱས་པ་རེད།
མཚོ་སྔོན་ནི་འབྲི་གཡག་ཐོན་ལས་གོང་འཕེལ་གཏོང་ཡུལ་གཙོ་བོ་དེ་ཡིན་པ་དང་། ཡུལ་ཤུལ་ནི་དེའི་ཁྲོད་ལས་ཀྱང་གཙོ་བོ་ཡིན་པའི་ཆ་ནས་སླད་ཕྱིན་ཆད་རྟེན་གཞི་སྐྲུན་པ་དང་། སྣེ་འདྲེན་ཤུགས་ཆེན་བྱེད་པ། སྤུས་རྟགས་གཏོད་པ། ཁྲོམ་ར་རྒྱ་ཆེར་གཏོང་བ་བཅས་བརྒྱུད་འབྲི་གཡག་གསོ་ཚགས་མ་ལག་དང་། ལས་སྣོན་མ་ལག བྲིན་ཚོང་མ་ལག་བཅས་ཐོན་ལས་འབྲེལ་ཐག་ཧྲིལ་པོ་གང་མགྱོགས་བསྐྲུན་ནས་འབྲི་གཡག་ཐོན་ལས་དེ་ལྷད་མེད་ཐོན་ལས་དང་། གསར་དར་ཐོན་ལས། དམངས་ཕྱུག་ཐོན་ལས་བཅས་སུ་འཕེལ་རྒྱས་བཏང་སྟེ་འབྲི་གཡག་ཐོན་ལས་ལ་བརྟེན་ནས་འབྱུང་ཁམས་ཁོར་ཡུག་སྲུང་སྐྱོང་ལ་སྐུལ་འདེད་གཏོང་བ་དང་ཤར་གྲོང་དར་རྒྱས་མངོན་འགྱུར་ཐུབ་པ་བྱེད་རྒྱུ་ཡིན་པ་རེད།
མཚོ་སྔོན་ཡུལ་ཤུལ་དེ་“ཀྲུང་གོའི་འབྲི་གཡག་གི་གྲོང་”དུ་གྱུར་ནས་“འཛམ་གླིང་གི་འབྲི་གཡག་གྲོང་”གི་མཚན་སྙན་ལ་རེ་ཞུ་བྱས་པ་དེས་སྣོད་བཅུད་འབྲོག་ལས་ཐོན་ཁུངས་སྔར་བས་སྔོག་འདོན་གྱིས་འབྱུང་ཁམས་སྲུང་སྐྱོང་སྔོན་ལ་འཇོག་པ་དང་། སྦགས་མེད་གོང་འཕེལ་གྱི་ལམ་བུའི་ཐོག་བསྐྱོད་རྒྱུ་མཐའ་འཁྱོངས་བྱ་རྒྱུ་དང་། ལྷད་མེད་སྐྱེ་ལྡན་གྱི་ཞིང་ཕྱུགས་ཐོན་ཟོག་ཕྱིར་གཏོང་མཁོ་སྤྲོད་ཁུལ་གཙོ་བོ་བཏོད་དེ་ཡུལ་ཤུལ་གྱི་འབྲི་གཡག་སྤུས་རྟགས་ཁྱོན་ཡོངས་ནས་གཏོད་རྒྱུ། འཛམ་གླིང་གི་མཐོ་ཚད་ཐོག་ལངས་ནས་འཛམ་གླིང་གི་འབྲི་གཡག་གི་བཙན་ས་བཟུང་སྟེ་འབྲི་གཡག་ཐོན་ལས་སྤུས་མཐོའི་གོང་འཕེལ་གཏོང་བའི་ལག་ལེན་པ་དང་སྣེ་ཁྲིད་པར་འགྱུར་རྒྱུ། མཚོ་བོད་ས་མཐོའི་ལས་དབང་གཅིག་མཐུན་ཚོགས་པ་གཏོད་དེ་མཚོ་བོད་ས་མཐོའི་མི་དང་རྩྭ་ཐང་། ཕྱུགས་ཟོག་བར་དོ་སྙོམས་ཡོང་རྒྱུ་དང་། འབྱུང་ཁམས་སྔོན་འགྲོའི་སྣོད་བཅུད་དང་ཐོན་སྐྱེད། འཚོ་བ། ཚོང་ལས་བཅས་བཞི་གཅིག་ཏུ་སྒྲིལ་བའི་གོང་འཕེལ་གྱི་རྣམ་པ་གཏོད་རྒྱུ་བཅས་ལ་ཕན་ཐོགས་ཡོད།