རི་མོ་བ་ཚེ་རིང་དོན་གྲུབ་ཀྱི་བརྩམས་ཆོས་འགྲེམ་སྟོན།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-07-20   རྩོམ་ཁུངས།    ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

    ན་གཞོན་རི་མོ་བ་ཚེ་རིང་དོན་གྲུབ་ཀྱི་རི་མོའི་བརྩམས་ཆོས་འགྲེམ་སྟོན་ཐོག་མ་དེ་སྤྱི་ལོ་2022ལོའི་ཟླ་7པའི་ཚེས10ཉིན་ནས་བཟུང་བོད་ལྗོངས་ལྷ་སའི་དེང་རབས་སྒྱུ་རྩལ་ལྟེ་གནས་སུ་བྱེད་བཞིན་ཡོད་པ་དང་། སྤྱི་ཟླ་8པའི་ཚེས་9ཉིན་བར་བྱ་རྒྱུ་ཡིན་པ་རེད། འགྲེམ་སྟོན་འདིར་རི་མོ་བ་ཁོང་ཉིད་ཀྱི་སྒྱུ་རྩལ་གསར་གཏོད་ཀྱི་དུས་མཚམས་མི་འདྲ་བ་དང་རི་མོའི་ཉམས་འགྱུར་ཐད་ཀྱི་འགྱུར་ལྡོག སྒྱུ་རྩལ་གྱི་དོ་སྣང་བྱ་ཡུལ་ཐད་ཀྱི་འགྱུར་ལྡོག་སོགས་ཀྱི་ཐད་ནས་བརྩམས་ཆོས་ཀྱི་ཁྱད་ཆོས་མི་འདྲ་བ་འགྲེམ་སྟོན་བྱས་ཡོད་པ་རེད། 

    རི་མོ་བ་ཚེ་རིང་དོན་གྲུབ་ནི་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་ཏེ་རྫོང་ནས་ཡིན་པ་དང་། སྤྱི་ལོ1987ལོར་སྐྱེས། ཁོང་ཉིད་ཆུང་དུས་ནས་རི་མོ་སྦྱོང་བའི་སེམས་ཤུགས་དང་སྤྲོ་སྣང་ཆེ་ཞིང་། དགེ་རྒན་མང་པོའི་མཛུབ་ཁྲིད་འོག་མཛེས་རིས་ལ་སྦྱང་བརྩོན་མཐར་ཕྱིན་པ་བྱས་མཐར། ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་མཛེས་རྩལ་སློབ་གླིང་གི་ཐང་གའི་ཆེད་ལས་ནས་སློབ་མཐར་ཕྱིན། ད་ལྟ་གློག་བརྙན་མཛེས་རྩལ་སྐོར་གྱི་མཛེས་བཟོའི་ལས་ཀ་བྱེད་བཞིན་ཡོད། 

    ཚེ་རིང་དོན་གྲུབ་ཀྱིས་༼ང་ཡི་ཆང་གསོལ་རོགས༽དང༼ལྷ་མོ་དང་སྐལ་བྷེ༽སོགས་བོད་ཀྱི་གློག་བརྙན་མང་པོ་ཞིག་གི་མཛེས་རྩལ་ཐད་འགན་འཁུར་ཞིང་། སྔ་རྗེས་སུ་རྒྱལ་ཡོངས་མཐོ་རིམ་སློབ་གྲྭའི་ཐང་གའི་འགྲེམ་སྟོན་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་”རྒྱལ་སྤྱིའི་ཚད་མེད་སྒྱུ་རྩལ་འགྲེམ་སྟོན”སྐབས་གཉིས་པར་ཞུགས་པར་ཀྲུང་གོའི་འགྲེམ་ཁུལ་གྱི་གཞོན་ནུའི་སྒྱུ་རྩལ་བྱ་དགའ་ཐོབ་པ་དང་། ”ཡིད་བརྙན་གྱི་འཇིག་རྟེན”ཞེས་པའི་སྒྱུ་རྩལ་བརྩམས་ཆོས་ཀྱི་རྒྱལ་སྤྱིའི་འགྲེམ་སྟོན་ཆུང་རིགས་ཀྱི་(ཨེ་ཅེབ་ཀྱི་ཁའེ་རོ་)(ཡུན་ནན་ཏ་ལི། )དབྱི་ཐ་ལི་ཡི་ཝེ་ན་སིའི་འགྲེམ་སྟོན་ལ་ཞུགས། སྐབས་དགུ་པའི་ཀྲུང་གོ་རྒྱལ་སྤྱིའི་གཞོན་ནུའི་སྒྱུ་རྩལ་གཟའ་འཁོར་གྱི་འགྲེམ་ཁུལ༼ནན་ཅིན༽སོགས་ལའང་ཞུགས་ཤིང་། ད་དུང་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་ནས་བཏོན་པའི་བྱིས་པའི་རིས་དེབ༼བེའུ་རྒྱ་ཐོ་ལུས་རྩལ་འགྲན་ཚོགས་སུ་ཞུགས་པ༽དང་༼བེའུ་རྒྱ་ཐོ་ཡི་རྭ་ཅོ༽ ༼བེའུ་རྒྱ་ཐོས་ཁ་འཆང་བཙལ་བ༽བཅས་དེབ་གསུམ་པར་དུ་བསྐྲུན། 

    ཁོང་གི་རི་མོ་འབྲི་བར་དད་ཞེན་ཆེ་བའི་ཐོག་མའི་ཀུན་སློང་ལ་རྒྱུས་ལོན་བྱེད་སྐབས། ལོ་ན་བཅུ་གསུམ་སྐབས། རི་མོ་བ་ཞིག་གིས་ཁོང་ཚོའི་ཁྱིམ་གྱི་སྒམ་ངོས་སུ་འདབ་མས་བཏེགས་པའི་མེ་ཏོག་པདྨ་ཞིག་བྲིས་ཤིང་། ཁང་པའི་དཀར་ཁུང་ནས་ཉི་ཐིག་དྲོན་མོ་རྣམ་པར་བཀྲ་བའི་མེ་ཏོག་གི་འདབ་མའི་དབུས་སུ་འཕྲོ་སྐབས། མེ་ཏོག་ལ་སླར་ཡང་འོད་མདངས་གཞན་ཞིག་བསྣན་གྱི་ཡོད། ཉི་མའི་འོད་དང་རི་མོའི་བཀྲག་མདངས་དེས་ཁོང་གི་སེམས་ལའང་དཀར་ཁུང་ཞིག་བཏོད་ཡོད་དེ།  དཀར་ཁུང་དེ་ནས་བྱུང་བའི་སྔར་ན་མེད་པའི་རང་མདངས་དང་དྲི་ཞིམ་སྣ་ཚོགས་ཀྱིས་སྐབས་ཤིག་རིང་ཁོང་ལ་བདེ་བ་དཔག་མེད་སྦྱིན།  སྐབས་དེ་དུས་ཁོང་གི་སེམས་དབུས་སུ་ནམ་ཞིག་རང་ཉིད་ཀྱིས་ཡིད་དུ་འོང་བའི་རི་མོ་འདི་འདྲ་ཞིག་འབྲི་ཐུབ་ན་ཅི་མ་རུང་སྙམ། ཕྱིས་སུ་ཁོང་གིས་ཚོན་སྣོད་ལག་ཟུང་གིས་བཏེགས་ཏེ་རི་མོ་བའི་ཚོན་སྨྱུག་གི་རྗེས་དེད་ནས་ཞ་སྨྱུག་ཆུང་ཆུང་གིས་བྲིས་པའི་རི་མོ་དེ་ཁོང་གི་རི་མོའི་བརྩམས་ཆོས་ཐོག་མ་དེ་ཡིན་ལ། རི་མོ་དང་ཁོང་གི་ལས་དབང་གཅིག་ཏུ་འདྲེས་པའི་དྲན་རྟགས་ཤིག་ཀྱང་ཡིན།

     ཁོང་གི་མཛེས་རིས་ལས་ཐུན་མོང་མ་ཡིན་པའི་སྒྱུ་རྩལ་གྱི་ཁྱད་ཆོས་མངོན་གསལ་དོད་པོ་མངོན་ཞིང་། པིར་རྩལ་གྱི་སྨྱུག་ཁ་གཙང་བ་དང་། ལྷད་མེད་བརྩེ་བས་ཕྱུག་པ། སྨྱུག་ཁ་ཉུང་ཉུང་བརྒྱུད་ནས་གསོན་ཉམས་ལྡན་པའི་སྒྱུ་རྩལ་གྱི་གཟུགས་བརྙན་མཚོན་ཡོད། རི་མོའི་བརྩམས་ཆོས་དེ་དག་ནང་ཁོང་ཉིད་ཀྱི་མི་ཚེའི་ཁ་དོག་མངོན་ཞིང་། གཏིང་མཐའ་དཔོག་དཀའ་བའི་ནང་སེམས་ཀྱི་ཟབ་ས་ནས་ཚེ་སྲོག་གི་རང་མདངས་དང་བྱ་དངོས་ཁྲི་མ་འབུམ་གྱི་ངོ་བོར་གོ་བ་ལེན་སྟངས་སོགས་མང་པོ་མངོན་ཡོད། ད་ལྟ། ཁོང་གི་རི་མོའི་བརྩམས་ཆོས་མང་པོར་མི་རྣམས་ཀྱི་དགའ་བསུ་དང་བསྟོད་བསྔགས་ཆེན་པོ་ཐོབ་བཞིན་ཡོད།