རྒྱགས་པ་ཆགས་ན་སྐྲན་ནད་རིཊ་13ཕོག་སླ་བས་གཟབ་རོགས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-07-19   རྩོམ་ཁུངས།    科普中国

        མི་རྣམས་ཀྱི་འཚོ་བའི་གནོན་ཤུགས་ཇེ་ཆེར་འགྱུར་བ་དང་བསྟུན་ནས་ལུས་ཤ་རྒྱགས་པ་ཆགས་པ་ནི་དེ་བས་ཡོངས་ཁྱབ་ཏུ་གྱུར་ཡོད།ཁྱེད་ཀྱིས་མཁྱེན་ནམ། རྒྱགས་པ་ཆགས་རྗེས་ཁྱེད་ཀྱི་གྱོན་ཆས་གྱོན་པ་དང་གཟབ་འཆོར་སྤྲོས་རྒྱུ་ཙམ་ལ་ཤུགས་རྐྱེན་ཐེབས་པ་མ་ཡིན་པར་ད་དུང་བདེ་ཐང་གནད་དོན་མང་པོ་ཐོན་གྱི་ཡོད། འབྲེལ་ཡོད་བརྟག་དཔྱད་ཞིབ་འཇུག་ལས་མངོན་པར། སྐྲན་ནད་རིགས་13གྱི་འབྱུང་རྐྱེན་ནི་“ལུས་ཤ་རྒྱགས་པོ་”ཡིན་པའི་རྐྱེན་གྱིས་མངོན་གསལ་གྱིས་ཉེན་ཁ་ཇེ་ཆེར་འགྱུར་བ་ཡིན། ཚིལ་ཚད་རན་པོ་ཡོད་ན་ནང་ཁྲོལ་དབང་པོ་འདེགས་སྐྱོར་དང་བརྟན་བརླིང་དུ་གཏོང་ཐུབ་ཅིང་། གཟུགས་པོ་བདེ་ཐང་ཡོང་བར་ཕན། ཡིན་ནའང་ལུས་ཕུང་གི་ཚིལ་ཚད་ལས་བརྒལ་ཚེ། ནད་རིགས་མང་པོ་འབྱུང་བར་ཆ་རྐྱེན་བསྐྲུན་སྲིད།

     རྒྱལ་སྤྱིའི་སྐྲན་ནད་ཞིབ་འཇུག་ལས་ཁུངས་(IARC)ཡི་གཟུགས་གཞི་རྒྱགས་པའི་ལས་དོན་ཚོགས་པའི་སྙན་ཞུ་ཞིག་ལས་མངོན་པར། དཔང་རྟགས་འདང་ངེས་ཀྱིས་གཟུགས་པོའི་ཚིལ་མང་དྲགས་ན་སྐྲན་ནད་རིགས་13དང་ཕན་ཚུན་འབྲེལ་བ་བྱུང་བ་བདེན་དཔང་བྱས་ཡོད། དེ་དག་ནི་ནུ་མའི་འབྲས་སྐྲན་དང་།  གཞང་དཀར་ནག་གི་འབྲས་སྐྲན། བུ་སྣོད་ནང་སྐྱིའི་འབྲས་སྐྲན། མིད་ཐག་འབྲས་སྐྲན། མཁྲིས་སྣོད་འབྲས་སྐྲན། མཁལ་སྐྲན། མཆིན་སྐྲན། ཀླད་སྐྱིའི་འབྲས་སྐྲན། ཕོག་སླའི་རང་བཞིན་གྱི་རྐང་མར་འབྲས་སྐྲན། ཁམས་དམར་འབྲས་སྐྲན། ཕོ་བའི་འབྲས་སྐྲན། སྐེ་རྨེན་འབྲས་སྐྲན་བཅས་ཡིན།

        དོན་ངོ་མར་ལུས་གཟུགས་རྒྱགས་དྲག་པའི་ཚད་གཞི་ཅི་འདྲ་ཞིག་ཡིན་ནམ། 

        གཟུགས་གཞིའི་སྟོན་གྲངས་(BMI)ནི་མིག་སྔའི་གསོ་རིག་ལས་རིགས་ཁྲོད་ཡོངས་ཁྱབ་ཏུ་སྤྱོད་བཞིན་པའི་གཟུགས་དབྱིབས་བརྡར་གཅོད་ཚད་གཞི་ཞིག་ཡིན་པ་དང་། དེས་གཟུགས་པོའི་རིང་ཚད་དང་ལྗིད་ཚད་བར་གྱི་བསྡུར་གྲངས་ལ་བརྟེན་ནས་མི་སུ་ཞིག་རྒྱགས་དྲགས་པའམ་ཤ་རིད་དྲགས་པ་ཞིབ་བསྡུར་བྱེད་ཐུབ།གཟུགས་གཞིའི་སྟོན་གྲངས་(BMI)=གཟུགས་པོའི་ལྗིད་ཚད་(kg)/གཟུགས་པོའི་རིང་ཚད།²(m²)BMI ནི་རྒྱུན་དུ་ལྗིད་བརྒལ་དང་ཡང་ན་རྒྱགས་པ་བརྡར་གཅོད་བྱེད་པའི་ཐད་སྤྱོད་པའི་སྟོན་གྲངས་ཡིན། ཀྲུང་གོའི་མི་ཚོགས་ཀྱི་BMIཡི་དཔྱད་གཞིའི་ཁྱབ་ཁོངས་ནི་18.5-23.9kg/m²ཡིན། BMI ≥24 kg/m²ནི་ལྗིད་བརྒལ་དང་། BMI≥28 kg/m²ནི་རྒྱགས་རིད་ཁྱབ་ཁོངས་ཡིན་པས། 

        རྒྱགས་ཚད་དམའ་རུ་གཏོང་རྒྱུ་ནི་མ་བྱས་ཐབས་མེད་ཅིག་ཡིན།

        གཟུགས་པོའི་ལྗིད་ཚད་ཚན་རིག་དང་མཐུན་པའི་སྒོ་ནས་ཅི་ལྟར་ཚོད་འཛིན་བྱེད་དགོས་སམ་ཞེ་ན།གཟུགས་པོའི་ལྗིད་ཚད་དམའ་རུ་གཏོང་རྒྱུ་ནི་གོམ་པ་རེ་རེ་བཞིན་བསྒྲུབ་དགོས་པ་ཞིག་ཡིན། འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་བསམ་འཆར་ནི། གཟའ་འཁོར་རེར་སྤྱི་རྒྱ་0.5~1བར་བྱང་དུ་འཇུག་རྒྱུ་དང་། ཟླ་བ་རེར་སྤྱི་རྒྱ་1~3བར་བྱང་དུ་འཇུག་དགོས། དེ་ལྟ་བུའི་ “མྱུར་ཚད་སྙོམས་པའི་”བྱ་ཐབས་ཀྱིས་གཟུགས་པོར་གནོད་པ་ཆུང་ལ་ལྡོག་འཕར་བྱེད་སླ་པོ་མེད།གཅིག དར་མ་དང་གཞོན་ནུ་ཚོས་དུས་དང་རྣམ་པ་ཀུན་ཏུ་རང་ཉིད་ལ་དྲན་སྐུལ་བྱེད་དགོས།དར་མའི་བཟའ་བཏུང་ལ་ཅི་ནུས་ཀྱིས་“ཞོགས་ཟས་རྒྱགས་པ་དང་གུང་ཟས་ལེགས་ཙམ། དགོང་ཟས་ཉུང་ཙམ་”གྱི་རྩ་དོན་རྒྱུན་འཁྱོངས་བྱེད་པ་དང་། ཞོགས་ཟས་ཐེབས་ཆག་དང་གུང་ཟས་ཕྱི་ནས་མངགས་པ། དགོང་ཟས་རྒྱས་ཟ་རྒྱས་འཐུང་བྱེད་པ་བཅས་བྱེད་མི་རུང་། དང་པོ། རང་ཉིད་ལ་ཟས་ཉུང་ཙམ་ཟ་བའི་དྲན་སྐུལ་བྱེད་དགོས། གཞུང་སྒྲུབ་ཁང་དང་མགྲོན་ཁང་སོགས་ཀྱི་ལག་ཞོར་དུ་ལེན་ཐུབ་པའི་སར་ཚ་ཚད་ཆེ་བའི་སིལ་ཟས་མི་འཇོག་པ་དང་། དེ་དག་མཁྲེགས་འབྲས་དང་ཞོ་སོགས་ལ་བསྒྱུར་དགོས། “གཅིག་ཉོ་གཅིག་འབུལ་”གྱི་ཚོང་སྐུལ་བསླུ་བྲིད་འོག་མི་ཚུད་པ་བྱས་ནས། ཐུམ་སྣོད་ཆུང་བའི་བཟའ་བཅའ་ཉོ་བའམ་ཁག་བགོས་ནས་ཐུམ་སྒྲིལ་བྱེད་པ་དང་། ཟས་སྣོད་ཀྱི་ཆེ་ཆུང་འབྲིང་ཙམ་ལ་བརྗེ་དགོས།གཉིས་པ། རང་ཉིད་ལ་ཚྭ་དང་ཀ་ར་ཉུང་ཙམ་ཟ་བའི་དྲན་སྐུལ་བྱེད་དགོས།ཟ་མ་ཕྱི་ནས་མངག་རྒྱུ་ཉུང་དུ་གཏོང་བ་དང་། གང་ཐུབ་ཅི་ཐུབ་ཀྱིས་གུང་ཟས་རང་གིས་གྲ་སྒྲིག་བྱེད་དགོས། ཟས་ཀྱི་གཡས་སྦྱོར་ཐད་རླངས་བཙོ་དང་ཆུ་བཙོ། གདུས་ཚོད། གྲང་ཚལ་སོགས་གཙོ་བོ་བྱེད་པ་དང་། སྣུམ་དང་ཚྭ་ཀ་ར་བཅས་ཉུང་དུ་གཏོང་དགོས།གསུམ་པ། རང་ཉིད་ལ་“འགུལ་”དགོས་པའི་དྲན་སྐུལ་བྱེད་དགོས།མགྲོན་ཁང་དུ་རྒྱུག་ལྷམ་ཆ་གཅིག་བཞག་ནས། རང་ཉིད་ལ་འགུལ་སྐྱོད་མང་ཙམ་བྱེད་དགོས་པའི་དྲན་སྐུལ་བྱེད་པ་དང་། ཉལ་ཤག་ཏུ་ལུས་ལྗིད་འཇལ་ཆས་ཤིག་བཞག་ནས། ཉིན་རེའི་སྔ་དགོང་ཚང་མར་ཚད་འཇལ་བྱེད་དགོས།དར་མ་རྣམས་ལྷག་པར་དུ་ཡུན་རིང་པོར་སྡོད་མི་རུང་ཞིང་། སྐེད་པ་དང་གྲོད་པའི་ཚོ་བྱང་ཐབས་ཀྱི་འགུལ་སྐྱོད་མང་ཙམ་བྱེད་དགོས། དཔེར་ན་ངོས་སྙོམས་འདེགས་སྐྱོར་དང་གན་རྐྱལ་དུ་ཉལ་ནས་སྐེད་པ་གཅུས་བསྐོར་བྱེད་པ། འགུལ་མེད་དང་འགུལ་རྣམ་རྐུབ་འདེགས་བྱེད་པ་སོགས།ལས་ཚོགས་བར་གསེང་དུ་ཙོག་སྡོད་དང་རྐང་པ་གཞོགས་འདེགས་སོགས་སྦྱོང་བརྡར་བྱེད་པ་དང་། རྒྱུག་ཤར་གློད་པ་ནི་མི་མང་ཆེ་བར་འཚམ་པོ་ཡོད། གཟའ་འཁོར་རེར་ཐེངས་3~5བར་རྒྱུག་པ་དང་ཐེངས་རེར་ཉུང་མཐར་ཡང་སྐར་མ་30ལ་རྒྱུག་ན་ལེགས།