སྲིད་པའི་གཏམ་དཔེ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-07-14   རྩོམ་ཁུངས།    མཚོ་སྔོན་བོད་ཡིག་གསར་འགྱུར།

ཏན་ཏན་གྱི་བོང་བུ་ལ། །

ཏིག་ཏིག་གི་ཁལ། །


གཏམ་རྣ་བར་འགྲོ་ཚོད། །

ཟས་ཕོ་བར་ཤོང་ཚོད། །


གཏམ་དང་རལ་གྲི་གཉིས་པོ་དེ། །

རྩེ་ནས་མི་འཆང་ཡུ་ནས་འཆང་། །


ལྟད་མོར་བལྟ་ན་རང་གི་ལུས་ལ་ལྟོས། །

བྱིན་རླབས་ཞུ་ན་རང་གི་སེམས་ལ་ཞུས། ། 

ཐག་མ་བཅད་ན་མི་ཆོད། ། 

འབྲུ་མ་བཏབ་ན་མི་སྐྱེས། །


ཐུགས་རྗེ་རི་ཙམ་ཡོད་ཀྱང་། །

མངོན་ཤེས་རྟ་རྔ་ཙམ། །


ཐོས་པ་བརྒྱ་ལས། ། 

མཐོང་པ་གཅིག་ལྷག །

 

མཐུན་པོ་མཉམ་དུ་བསྡད་ན་བདེ། །

མི་མཐུན་སོ་སོར་བསྡད་ན་ལེགས། །

དར་དུས་དགྲ་ཡང་གཉེན། ། 

རྒུད་དུས་གཉེན་ཡང་དགྲ །


དུང་དཀར་པོ་བདར་ན་ཇེ་དཀར་རེད། །

སོལ་ནག་པོ་བདར་ན་ཇེ་ནག་རེད། ། 


དེ་སྔའི་བླ་མ་གནམ་ལ་འཕུར་ཟེར་ན། །

དེང་དུས་བླ་མ་རྟས་ཀྱང་མི་ཐེག་ཟེར། ། 


དྲང་པོ་སུས་བྱས་དཔོན་པོ་དང་། ། 

བྱམས་པོ་སུས་བྱས་ཕ་མ། །

ནམ་མི་ལངས་ཀ་མེད་ཉི་མས་འདེད། ། 

ས་མི་རུབ་ཀ་མེད་མུན་པས་འདེད། །


ནེ་ཙོ་སྨྲ་བས་གཟེབ་ཏུ་ཚུད། ། 

འདབ་ཆགས་ལྐུགས་པ་བདེ་བར་རྒྱུ། །


གནམ་ལ་སྐས་བཙུགས། །

ས་ལ་དོང་དྲུས། །


རྣ་བ་སྐྱེ་སྔ་ཡང་། །

རྭ་ཅོ་ཤུགས་ཆེ། །