སྲིད་པའི་གཏམ་དཔེ།​

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-07-12   རྩོམ་ཁུངས།    མཚོ་སྔོན་བོད་ཡིག་གསར་འགྱུར།

ཀ་བ་བཞིན་དུ་དྲང་དགོས།།

ཀ་རྡོ་བཞིན་དུ་བརྟན་དགོས།།


རྐྱང་ཁ་དཀར་བཟུང་ནས་བློ་རྟ་བྱས།།

འབྲོང་བྲེ་སེར་བཟུང་ནས་སྒོ་ཟོག་བྱས།།


སྐྱེ་ས་མཐོན་པོ་ལ་ཁའི་འཇག་མ།།

མཐོ་ཡང་མི་ཕན་སྒོ་རྒྱབ་ཀྱི་ཕྱགས་མ།།


སྐུ་ཆེ་ལ་རི་རྒྱལ་ལྷུན་པོ།།

ཐུགས་ཆུང་ལ་ཨབ་བྲའི་རིལ་མ།།


ཁ་གཏམ་གཡུ་འབྲུག་སྐད་ལས་ཆེ།།

ལག་ལེན་ནམ་མཁའི་འཇའ་ལྟར་ཡལ།།


ཁྱིམ་དབང་ཅན་གྱི་མནའ་མ་སྡུག།

ཕ་བུན་མང་གི་བུ་ཚ་སྡུག།


ཁྲོམ་ཚོགས་པའི་ཉིན་མོར་གཏམ་དགོས།།

དགྲར་འཐབ་པའི་ཉིན་མོར་དཔའ་དགོས།།


མཁས་ཀྱང་དོན་ལ་མ་དཔྱད་ན།།

ས་འོག་གསེར་གྱི་མདངས་དང་འདྲ།


གང་སྐྱིད་ཕ་ཡུལ་དང་།།

སུ་བྱམས་ཕ་མ་རེད།།


དགྲ་མ་མཐོང་གོང་གི་ཀི་སྒྲ།

རོ་མ་མཐོང་གོང་གི་ངུ་སྐད།།


རྒྱ་མཚོར་མེ་འབར་ན་གསོད་པའི་ཆུ་མི་རེག།

རྡོ་ལ་སྤུ་སྐྱེས་ན་བཞར་བའི་གྲི་མི་རག།


རྒྱུ་མེད་པའི་མི་དེ་བསམ་རྒྱ་ཆེ།།

སྤྲིན་མེད་པའི་གནམ་དེ་ཁ་རྒྱ་ཆེ།།


ང་རྒྱལ་གྱི་གོང་བུར།།

ཡོན་ཏན་གྱི་རྩྭ་མི་སྐྱེས།


ངན་པ་ཟས་ཀྱིས་འགྲངས་ན་སྐད་གསང་མཐོ།།

མ་རབས་མཐོ་སར་བཞག་ན་ཀུན་ལ་སྡང་།།


སྔ་དྲོ་བླ་མ་ལས་དལ་བ།།

ཕྱི་དྲོ་ཉེ་གནས་ལས་བྲེལ་བ།།


རྔ་མོང་སྐེ་རིང་ཡང་།།

ལ་རྒྱབ་ཀྱི་རྩྭ་མི་རག།