བདེ་ཆེན་གྱི་ལངས་གཟུགས་འགྲིམ་འགྲུལ་དྲ་བ་རིམ་བཞིན་ཆགས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-07-11   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        ལོ་བཅུའི་རིང་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་འགྲིམ་འགྲུལ་ཐད་མ་དངུལ་འབོར་ཆེན་གཏོང་བ་དང་། འཛུགས་སྐྲུན་ཆེན་པོ་བྱེད་པ། འཕེལ་རྒྱས་ཆེན་པོ་གཏོང་བ་བཅས་ཀྱི་འཕེལ་ཕྱོགས་མཐའ་འཁྱོངས་བྱས་པ། ས་དམ་ནས་སེམས་ཀྱི་ཉི་ཟླ་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་ལམ་ཐིག་ཧྲིལ་པོ་གཉེར་སྐྱོང་བྱེད་འགོ་ཚུགས་པ་དང་བསྟུན་ནས་ས་དམ་ནས་སེམས་ཀྱི་ཉི་ཟླ་བར་གྱི་ལྕགས་ལམ་སྐྲུན་གྲབས་ཡོད་པ་དང་། སེམས་ཀྱི་ཉི་ཟླའི་གནམ་གྲུ་ཐང་གི་དུས་ཐེངས་བཞི་པའི་བསྐྱར་སྐྲུན་རྒྱས་སྐྲུན་རྣམ་གྲངས་ལ་སྐུལ་འདེད་གང་ལེགས་བཏང་ཡོད་པས་བདེ་ཆེན་གྱི་མྱུར་བགྲོད་གཞུང་ལམ་དང་། མྱུར་བགྲོད་ལྕགས་ལམ། མཁའ་འགྲུལ་བཅས་ཀྱི་ལངས་གཟུགས་འགྲིམ་འགྲུལ་དྲ་བ་རྒྱ་ཆེ་བའི་རྣམ་པ་ཞིག་རིམ་བཞིན་ཆགས་ཡོད་པ་རེད། ཕྱོགས་བཞི་མཚམས་བརྒྱད་དུ་ཤར་གཏོང་ཐུབ་པ་དང་ཕན་འབྲས་ཆེ་ལ་མྱུར་བའི་འགྲིམ་འགྲུལ་དྲ་བས་བདེ་ཆེན་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཡོད།

        2021ལོའི་ཟླ་9པའི་ཚེས་29ཉིན་བདེ་ཆེན་ཁུལ་གྱི་རིགས་སོ་སོའོ་མི་དམངས་ཀྱི་ངོས་ནས་བརྗོད་ན་བརྗེད་པར་དཀའ་བའི་ཉིན་མོ་ཞིག་ཡིན་པ་དང་། ཀུན་གྱིས་དོ་སྣང་ཆེན་པོ་བྱེད་པའི་ས་དམ་ནས་སེམས་ཀྱི་ཉི་ཟླ་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་ལམ་ཐིག་ཧྲིལ་པོ་གཉེར་སྐྱོང་བྱེད་འགོ་ཚུགས་པ་དེ་ནི་བདེ་ཆེན་ཁུལ་གྱི་ལོ་རྒྱུས་ཐོག་བྱུང་བའི་མྱུར་བགྲོད་གཞུང་ལམ་དང་པོ་དེ་རེད། སེམས་ཀྱི་ཉི་ཟླ་ནས་ས་དམ་བར་གྱི་མྱུར་བགྲོད་གཞུང་ལམ་ནི་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཡུལ་གསུམ་གྲོང་ཚོ་ནས་འགོ་བཙུགས་ཏེ་ཏ་ལི་ནས་ས་དམ་བར་གྱི་མྱུར་བགྲོད་གཞུང་ལམ་དང་སྦྲེལ་མཐུད་བྱས་ཡོད། དེ་ནི་ཡུན་ནན་ཞིང་ཆེན་དང་བོད་ཀྱི་ཕྱོགས་བསྡུས་འགྲིམ་འགྲུལ་བགྲོད་ལམ་ཆེན་པོ་བསྐྲུན་པའི་རྣམ་གྲངས་གལ་ཆེན་ཞིག་དང་ཡུན་ནན་ཞིང་ཆེན་གྱི་ས་བབ་མཐོ་ཤོས་ཀྱི་མྱུར་བགྲོད་གཞུང་ལམ་ཞིག་ཡིན་པས་ཡུན་ནན་གྱི་མ་ལམ་གཞུང་ལམ་དྲ་བའི་ཁྲོད་སྒྲོམ་གཞི་གཙོ་བོའི་གནས་བབ་ཏུ་གནས་ནས་བདེ་ཆེན་དང་འཛམ་གླིང་དབར་གྱི་འབྲེལ་བ་དེ་བས་དམ་ཟབ་ཏུ་ཕྱིན་ཡོད།

        འགྲིམ་འགྲུལ་ལེགས་སུ་ཕྱིན་ནས་ཕན་པ་ཐོབ་མཁན་ནི་བདེ་ཆེན་གྱི་མི་སེར་ཚང་མ་ཡིན། ཕ་མས་ཁུན་མིང་དུ་རྒན་གསོ་བྱེད་བཞིན་པའི་གཡང་མཚོས་མྱུར་བགྲོད་གཞུང་ལམ་གྱི་དུས་རབས་ལས་བྱུང་བའི་སྟབས་བདེ་གླེང་དུས། ངའི་ཕ་མ་གཉིས་ཁུན་མིང་དུ་ཡོད་པ་དང་ང་རྒྱུན་དུ་བདེ་ཆེན་དང་ཁུན་མིང་དབར་ཕར་འགྲོ་ཚུར་འོང་བྱེད་ཀྱི་ཡོད་པས་མྱུར་བགྲོད་གཞུང་ལམ་ཧྲིལ་པོ་གཉེར་སྐྱོང་བྱས་པ་ནས་བཟུང་ངའི་གཉེན་ཉེ་ཐུག་འཕྲད་ཀྱི་ལམ་བུ་དེ་ལས་སླ་རུ་ཕྱིན་པ་དང་དེ་སྔོན་གྱི་ཆུ་ཚོད8ཙམ་གྱི་ལམ་ཐག་དེ་ད་ཆའི་ཆུ་ཚོད5ཙམ་བར་ཐུང་དུ་ཕྱིན་པས་ཧ་ཅང་སྟབས་བདེ་པོ་འདུག འགྲིམ་འགྲུལ་གྱིས་མི་དང་མིའི་བར་གྱི་བར་ཐག་ཇེ་ཉེ་རུ་བཏང་འདུག་ཅེས་བཤད་བྱུང་།