གངས་ལྗོངས་མཐོ་སྒང་གི་རྣམ་པ་གསར་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-07-06   རྩོམ་ཁུངས།    ཀྲུང་གོ་བོད་ཀྱི་དྲ་བ།

འདི་ནི་བོད་ལྗོངས་ལྷ་ས་ནས་གཞིས་རྩེ་བར་གྱི་གནམ་ཐང་དུམ་བུའི་གཞུང་ལམ་གྱི་ཚོད་འཛིན་རང་བཞིན་གྱི་ལས་གྲྭའི་ལྷ་སའི་དུམ་བུའི་ལམ་རྒྱུད་ཀྱི་ཡུལ་ལྗོངས་ཡིན་པ།

འདི་ནི་མཚོ་བོད་ལྕགས་ལམ་གྱི་སྣུར་སྲིང་ལམ་ཐིག་ལྷ་གཞིས་ལྕགས་ལམ་གྱི་མེ་འཁོར་Z8801ཐོག་མེ་འཁོར་ཞབས་ཞུ་བས་འགྲུལ་པར་ཆུ་བླུག་བཞིན་པ།

    བསྐྱར་དར་རྟགས་ཅན་གྱི་མེ་འཁོར་བྱ་འཕུར་བ་ལྟར་གངས་ལྗོངས་ས་མཐོའི་ལ་ཀླུང་བརྒལ་བ་དང་ཕུག་ལམ་དང་ཟམ་པ་བསྒྲལ་ནས་སྐྱོད། 2021ལོའི་ཟླ་6ཚེས་25ཉིན་ལྷ་ཉིང་ལྕགས་ལམ་དངོས་སུ་ཤར་གཏོང་ཐུབ་ནས་བོད་ཀྱི་ཤར་ལྷོའི་ས་ཁུལ་དུ་མེ་འཁོར་མི་ཐར་བའི་ལོ་རྒྱུས་མཇུག་འགྲིལ་བ་རེད།

    བསམ་གྲུབ་ནི་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་རྒྱ་ཚ་རྫོང་ནས་ཡིན་ཞིང་། ད་ཆ་ལག་ཤེས་བཟོ་རྩལ་ཐོན་རྫས་བཟོ་མཁན་ཁེ་ལས་ཤིག་གཉེར་གྱིན་ཡོད། “མེ་འཁོར་གྱིས་སྐྱེལ་འདྲེན་བྱས་ན་དུས་ཚོད་གྲོན་ཆུང་ཐུབ་པ་མ་ཟད། རླངས་འཁོར་གཏོང་སྐབས་ལྟར་གྱི་ལུས་སེམས་ཀྱང་ངལ་མི་དགོས”ཞེས་བསམ་གྲུབ་ཀྱིས་བརྗོད།

    བསྐྱར་དར་རྟགས་ཅན་གྱི་ཤུགས་འགྲེམས་མེ་འཁོར་ལས་བསམ་གྲུབ་དང་འདྲ་བའི་ཁེ་ལས་གཉེར་སྐྱོང་བ་དེ་བས་མང་བར་སྟབས་བདེ་བསྐྲུན་ཡོད། ངོ་སྤྲོད་བྱས་པར་གཞིགས་ན། འདི་ལོའི་ཟླ་5ཚེས་31ཉིན་བར་ལྷ་ཉིང་ལྕགས་ལམ་ནས་འགྲུལ་པ་མི་ཐེངས་ཁྲི་103ལྷག་ཙམ་དང་དངོས་ཟོག་ཏུན་ཁྲི་3.69སྐྱེལ་འདྲེན་བྱས་པ་རེད། དེ་ནི་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་མྱུར་པོ་འགྲོ་བའི་བསྡུས་རིས་ཤིག་རེད།

    ནུས་རྒྱུ་གཙང་མའི་ཐོན་ཁུངས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ནས་རིམ་ལྔའི་སྤྱི་པའི་རིག་གནས་ཞབས་ཞུ་གྲོང་ཁྱེར་དང་གྲོང་གསེབ་ཏུ་ཁྱབ་པ་དང་སྤྱི་ཚོགས་འགན་སྲུང་མ་ལག་ཕྱོགས་ཡོངས་ནས་བཙུགས་པ་སོགས་དུས་རབས་གསར་པའི་བོད་ལྗོངས་གསར་པར་མངོན་པའི་གསོན་ཤུགས་གསར་པས་དེ་གར་འཕོ་འགྱུར་ཆེན་པོ་འགྲོ་བཞིན་པ་མཚོན་གྱི་ཡོད།

རྨང་གཞིའི་སྒྲིག་བཀོད་འཐུས་སྒོ་ཚང་དུ་དང་ཁྱད་ཆོས་ལྡན་པའི་ཐོན་ལས་འཕེལ་རྒྱས་བཏང་སྟེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ།

    ལྕགས་ལམ་ཕུད། བོད་དུ་གཞུང་ལམ་དྲ་བ་ཡང་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་ཕྱིན་ཡོད་དེ། 2021ལོའི་ཟླ་8ཚེས་21ཉིན། ཁྱོན་རིང་ཚད་ལ་སྤྱི་ལེ་295ཡོད་པའི་G6ཅིང་བོད་མྱུར་བགྲོད་གཞུང་ལམ་ནག་ཆུ་ནས་ལྷ་ས་བར་གྱི་ལམ་དུམ་ཧྲིལ་པོར་རླངས་འཁོར་ཤར་གཏོང་ཐུབ་ནས་བོད་ཀྱི་རིམ་མཐོའི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་1105ཟིན་པ་དང་། དེ་དང་ཆབས་ཅིག་གྲོང་གསེབ་གཞུང་ལམ་གྱི“མཐའ་མའི་འགག་གནད”སྲིད་འཛིན་གྲོང་ཚོའི་འབྲེལ་མཐུད་རྣམ་གྲངས་ལའང་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བཞིན་ཡོད་པ། 2021ལོའི་ལོ་མཇུག་བར་ཤང་དང་གྲོང་རྡལ་དང་སྒྲིག་ཚུད་གྲོང་ཚོར་ཤར་བགྲོད་ཐུབ་ཚད་94.55%དང་77.94%སོ་སོར་ཟིན་པ་བཅས་རེད།

    ནུས་རྒྱུ་གཙང་མའི་ཐོན་ཁུངས་ཀྱི་ལེགས་ཆར་བརྟེན་ནས་བོད་ཀྱི་ནུས་རྒྱུ་གཙང་མ་དེ“ནུབ་གློག་ཤར་འདྲེན”ལ་བརྟེན་ནས་ས་མཐོ་ནས་ས་ཆ་གཞན་དུ་གཏོང་གི་ཡོད། 2020ལོར་རྒྱལ་ཁབ་གློག་དྲ་ཚད་ཡོད་ཀུང་སིས“2021ལོ་ནས་2023ལོ་བར་ཆུ་ཚོད་ཆན་ཝ་དུང་ཕྱུར་61ཟིན་པའི་བོད་ཀྱི་ནུས་རྒྱུ་གཙང་མ་བསྡུ་ཉར་གཙང་སེལ་གྱི་སྒྲོམ་གཞིའི་གྲོས་མཐུན”སྒྲིག་འཛུགས་བྱས་ནས་བཞག་པ་དེས་དབུས་ཤར་རྒྱུད་ས་ཁུལ་གྱི་ཚད་ལྡན་རྡོ་སོལ་ཟད་གྲོན་བྱེད་ཚད་ཏུན་ཁྲི་183དང་དབྱང་གཉིས་ཐཱན་འགྱུར་འབུད་ཚད་ཏུན་ཁྲི་608ཉུང་དུ་འགྲོ་རྒྱུ་དང་། སྔོན་དཔག་བྱས་ན་བོད་ལྗོངས་ས་ཁུལ་ལ་དཔལ་འབྱོར་ཕན་འབྲས་སྒོར་དུང་ཕྱུར་16ཙམ་གཏོད་རྒྱུ་རེད།

    རྨང་གཞིའི་སྒྲིག་བཀོད་ཁག་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་ཕྱིན་པ་དང་ཆབས་ཅིག་བོད་ཀྱི་ས་གནས་དེ་གའི་སྤུས་ཚད་མཐོ་བའི་ཁྱད་ལྡན་ཐོན་ལས་ཀྱང་རིམ་བཞིན་འཕེལ་རྒྱས་དང་སྟོབས་ཆེར་འགྲོ་བཞིན་ཡོད། ཉེ་བའི་ལོ་ཤས་རིང་། བོད་རང་སྐྱོང་ལྗོངས་ཀྱིས་ས་གནས་དེ་གའི་སྤུས་རྟགས་བཏོད་ནས་ཁ་ཆེ་ཤ་སྐམ་དང་ནས་ཀྱི་ཕྱོགས་བསྡུས་ཐོན་རྫས་སོགས་རིགས་7དང་སྣ་ཁ་34ཞིབ་འཇུག་གསར་སྤེལ་བྱས་ནས་ཁྱད་ལྡན་ཐོན་ལས་འཁོར་འབྲེལ་སྐྱེད་སྲིང་ཟབ་མོ་བྱས་པ་རེད།

ཐོན་ལས་འཕེལ་རྒྱས་ནི་དངུལ་རྩའི་རྒྱབ་སྐྱོར་དང་ཁ་འབྲལ་ཐབས་མེད། 2021ལོའི་ལོ་མཇུག་བར་ལྗོངས་ཡོངས་ཀྱི་དངུལ་ཁང་རིགས་ཀྱི་དངུལ་རྩའི་སྒྲིག་གཞིའི་ཁེ་ལས་ཆུང་ཕྲན་གྱི་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་1138.83ཟིན་ཡོད་པ་རེད། ཕུའུ་ཧྥ་དངུལ་ཁང་ལྷ་ས་ཡན་ལག་དངུལ་ཁང་གིས་ད་དུང་ལྗང་མདོག་དངུལ་རྩ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཚོང་གཉེར་སྒྲིག་གཞི་སྟེ། ལྗང་མདོག་དངུལ་རྩ་པུའུ་བཙུགས་ཤིང་། མིག་སྔར་འབྲེལ་ཡོད་ལས་སྒོ་དོན་འཁྱོལ་བྱུང་ཡོད་པ་རེད།

སྐྱེ་ཁམས་སྲུང་སྐྱོང་དང་སླར་གསོའི་ཕན་འབྲས་སྲ་བརྟན་དང་རྒྱ་སྐྱེད་བཏང་སྟེ་སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་བྱེད་ནུས་ཆེ་རུ་གཏོང་བ།

    ཡར་ཉང་རྒྱལ་ཁབ་འདམ་རའི་སྤྱི་གླིང་ནི་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་དང་སྨན་གླིང་རྫོང་ཁོངས་ཀྱི་ཡར་ཀླུང་གཙང་པོ་དང་ཉང་ཆུའི་འབྲེལ་མཚམས་སུ་གནས་པ་དང་། སྤྱི་གླིང་གི་རྒྱ་ཁྱོན་ལ་སྤྱི་ཆིང་8738དང་ས་བབ་མཐོ་ཚད་སྨི་2920ཡོད་པ་རེད། 2016ལོ་ནས་བཟུང་། ས་གནས་དེས་རིམ་རྩིས་བྱས་ན་མ་དངུལ་སྒོར་ཁྲི་3010བཏང་སྟེ་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་ནས་སྔོ་ཁེབས་རྒྱ་ཁྱོན་མུའུ་1839སླར་གསོ་བྱས་པ་དང་འབྲེལ་ཁོར་ཡུག་སྲུང་སྐྱོང་གི་ཆེད་དོན་བྱ་སྤྱོད་རབ་དང་རིམ་པ་སྤེལ་བ་རེད།

    ཉེ་བའི་ལོ་ཤས་རིང་ལྗོངས་ཡོངས་ཀྱི་ནགས་ལས་རྩྭ་ཐང་དང་། ཞིང་ལས་དང་གྲོང་གསེབ། ཆུ་བེད་སོགས་སྡེ་ཚན་གྱིས་བྱེ་འགོག་བྱེ་བཅོས་ཀྱི་ལས་གྲྭ་སྣ་ཚོགས་ཁྱོན་སྤྱི་ཆིང་ཁྲི་21.41ལེགས་སྒྲུབ་བྱས་པར་མ་དངུལ་སྒོར་དུང་ཕྱུར་11.74བཏང་ནས“ལོ་ལྔ་ཚན་བཅུ་གསུམ་པའི”རིང་གི་བྱེ་འགྱུར་ས་ཆ་བཅོས་སྐྱོང་གི་ལས་འགན་ཚད་ལས་བརྒལ་ཏེ་ལེགས་སྒྲུབ་བྱས་ཡོད།

ལོ་41ལ་སླེབས་པའི་དགྲ་འདུལ་ནི་གཞིས་རྩེ་གྲོང་ཁྱེར་ཁང་དམར་རྫོང་ཉིང་རུ་སྟོད་ཤང་དགོན་པ་གྲོང་ཚོའི་གྲོང་མི་ཡིན་ཞིང་། དེ་སྔ་ལོ་གཅིག་ལ་ཟླ་བ་གཉིས་གསུམ་ཕྱིར་གླ་པར་འགྲོ་བ་དང་དེ་མིན་གྱི་དུས་ཚོད་ཁྱིམ་དུ་ཞིང་ལས་བྱེད་ཀྱི་ཡོད་པས་ལོ་རེར་ཡོང་འབབ་སྒོར་ཁྲི་1ཙམ་ལས་ཟིན་གྱི་མེད། ད་ཆ་གྲོང་ཚོར་མཉམ་ལས་ཁང་ཡོད་པས་དགྲ་འདུལ་སྔོན་མ་ལས་ཀྱང་ལས་བྲེལ་ཆེ་རུ་སོང་བས་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད། “ངས་མཉམ་ལས་ཁང་དུ་ལུག་གསོ་ཚགས་བྱེད་ཀྱི་ཡོད། ལོ་གཅིག་ལ་ཡོང་འབབ་སྒོར་ཁྲི་5ཙམ་ཡོང་གི་འདུག ལོ་མཇུག་ཏུ་ད་དུང་ཁེ་འབབ་བགོ་འགྲེམས་ཡོད”ཅེས་དགྲ་འདུལ་གྱིས་བརྗོད།

    “སྲིད་ཇུས་ཀྱིས་ཁྲིད་སྟོན་དང་། རྣམ་གྲངས་ཀྱིས་སྐུལ་སྤེལ། ལག་རྩལ་གྱིས་སྐུལ་འདེད། དཔེ་མཚོན་གྱིས་སྐུལ་ཁྲིད”བཅས་བྱེད་པའི་ལས་ཀའི་བསམ་ཕྱོགས་གཞིར་བཟུང་། བོད་ཀྱིས་མི་ཐབས་ལ་བརྟེན་ནས་རྩྭ་འདེབས་པའི་ལས་དོན་འཕེལ་རྒྱས་ཤུགས་ཆེན་བཏང་སྟེ་ས་མཐོའི་ཁུལ་དུ“རྩྭ་འདེབས་ས་གསོ་དང་། རྩྭ་འདེབས་ཕྱུཌ་གསོ། ནགས་རྩྭ་སྣོལ་འདེབས། བྱེ་འཇཌ་ཆུ་འདུས”བཅས་ཀྱི་རྩྭ་ལས་འཕེལ་རྒྱས་ལམ་བུའི་ཐོག་བསྐྱོད་པ་རེད།

ཉེ་བའི་ལོ་ཤས་རིང་། བོད་ཀྱིས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་ཏན་ཏིག་བཏང་ནས་སྐྱེ་ཁམས་སྲུང་སྐྱོང་དང་སླར་གསོའི་ཕན་འབྲས་སྲ་བརྟན་དང་རྒྱ་སྐྱེད་བཏང་སྟེ་སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་གི་ནུས་པ་ཆེ་རུ་ནུས་ལྡན་བཏང་ཡོད། 2021ལོའི་ལོ་མཇུག་བར། བོད་དུ་རང་བྱུང་སྲུང་སྐྱོང་ཁུལ་སྣ་ཚོགས་47བཙུགས་པ་དང་ད་ལྟ་ནགས་ཚལ་རྒྱ་ཁྱོན་སྤྱི་ཆིང་ཁྲི་1491ཡོད། བོད་དུ་ཐོ་འགོད་བྱས་པའི་རི་སྐྱེས་རྩི་ཤིང་སྣ་ཁ་9600ལྷག་ཙམ་ཟིན་པ་དེའི་ནང་རྒྱལ་ཁབ་རིམ་པའི་གཙོ་གནད་སྲུང་སྐྱོང་རི་སྐྱེས་རྩི་ཤིང་སྣ་ཁ་152ཡོད། སྲོག་ཆགས་རིགས་ཧ་ཅང་ཕུན་སུམ་ཚོགས་པོ་ཡོད་ཅིང་། གསའ་དང་ཁྲུང་ཁྲུང་སྐེ་ནག་སོགས་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོང་གི་རི་སྐྱེས་སྲོག་ཆགས་རིགས་65ཡོད།

    དམངས་འཚོའི་བྱ་བ་དངོས་ཡག་པོ་བསྒྲུབས་ནས་མང་ཚོགས་ཚོས་འགྱུར་ལྡོག་མཐོང་ཐུབ་པ་དང་ཕན་པ་དངོས་ཐོབ་པ།

    2020ལོའི་ཟླ་6པར་པད་མ་ཆོས་སྒྲོན་ཐེན་ཅིན་ཞིང་ལས་སློབ་གླིང་ནས་ཐོན་ཞིང་། ཧུའུ་པེའི་བོད་སྐྱོར་ལས་དོན་རུ་ཁག་གིས་སྔོན་ལ་ཚོགས་སྒྲིག་རྣམ་པའི་ཁྲོམ་ར་ཅན་གྱི་ལས་ཞུགས་བོད་སྐྱོར་ལས་དོན་སྤེལ་བའི་དྲིན་ལས། ཟླ་11པར་ཁོང་དང་མཐོ་སློབ་སློབ་ཐོན་སློབ་མ་35མཉམ་དུ་ཧུའུ་པེའི་ཧོང་ཧྲིར་ལས་ཞུགས་ཉམས་ལེན་བྱས་པ་དང་འབྲེལ་ངོ་རྒྱུགས་ལོན་ནས་2021ལོའི་ཟླ་དང་པོར་ཧུའུ་པེའི་སྐྱེ་དངོས་ཀུང་སི་ཞིག་ཏུ་ལས་ཞུགས་ཐུབ་ཡོད། ཟླ་ཤས་གསོ་སྦྱོང་བྱས་པ་བརྒྱུད་ཀུང་སིས་པད་མ་ཆོས་སྒྲོན་མཚོ་མོ་རྩྭ་ཐང་གི་སྐྱེ་ཁམས་སླར་བཟོའི་ལས་དོན་སྒྲུབ་པར་བཏང་ཞིང་། “སྦྱངས་པ་གོ་ཆོད་ཐུབ་ནས་ཕ་ཡུལ་ལ་ལེགས་སྐྱེས་ཕྲན་ཙམ་འབུལ་ཐུབ་པས་ང་ཧ་ཅང་དགའ་པོ་བྱུང”ཞེས་པད་མ་ཆོས་སྒྲོན་གྱིས་བརྗོད།

    ཉེ་བའི་ལོ་ཤས་རིང་། བོད་རང་སྐྱོང་ལྗོངས་ཀྱིས་ལས་ཞུགས་ལས་གཏོད་ཀྱི་ལས་དོན་ལ་སྐུལ་འདེད་གཏོང་བར་ཚད་མཐོའི་མཐོང་ཆེན་བྱས་ནས་སྔ་རྗེས་སུ་ལས་ཞུགས་ལས་གཏོད་ཀྱི་ལས་དོན་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་ཡིག་ཆ་ཁག་24བཏོན་ནས་སྲིད་ཇུས་ཀྱི་མ་ལག་ཆ་ཚང་བཙུགས་པ་མ་ཟད། 2016ལོ་ཚུན་དུ་བོད་ཀྱི་ཞིང་འབྲོག་པ་ཁྲི་353.2ལས་ཞུགས་གཞན་སྒྱུར་བྱས་ཡོད།

    “ཐོན་ལས་མེད་པ་ནས་ཡོད་པའི་བར་དང་། འཚོ་བོའི་ཁོར་ཡུག་ཞན་པ་ནས་ལེགས་པའི་བར། སློབ་ལོ་ལོན་པའི་བྱིས་པ་ཁ་ཤས་སློབ་གྲྭར་གཏོང་བ་ནས་ཚང་མ་གཏོང་བའི་བར་འགྱུར་ལྡོག་བྱུང་བ་དང་། ད་ཆ་ཚང་མའི་བང་མཛོད་འབྲུ་རིགས་ཀྱིས་ཁེངས་ཤིང་འཚོ་བ་འབྱོར་ཕྱུག་ལྡན་པར་གྱུར་ནས་ང་ཚོས་རྒྱལ་ཁབ་དང་བོད་ལྗོངས་འཕེལ་རྒྱས་ཕྱིན་པའི་ཕན་པ་དངོས་དངོས་རྗེན་རྗེན་གྱིས་མྱོང་རོལ་ཐུབ་བྱུང”ཞེས་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཆབ་མདོ་གྲོང་ཁྱེར་སྨར་ཁམས་རྫོང་རོང་མེ་གྲོང་རྡལ་གྲུ་ཁ་གྲོང་ལྷན་གྱི་ཀྲུའུ་རེན་ཐུབ་བསྟན་བཀྲ་ཤིས་ཀྱིས་བརྗོད།

    ཐུབ་བསྟན་བཀྲ་ཤིས་ཀྱི་མྱོང་ཚོར་ཡང་བོད་ཀྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱི་ཐུན་མོང་གི་སྙིང་གཏམ་རེད། 2021ལོར་བོད་ཀྱི་མི་རེའི་ཆ་སྙོམས་སྔོན་དཔག་ཚེ་ཚད་ལོ་72.19བར་འཕར་བ་དང་། འགན་ལེན་རང་བཞིན་གྱི་བདེ་སྡོད་ལས་གྲྭའི་སྡོད་ཁང་ཁྲི་1.12ཆ་ཚང་བསྐྲུན་པ། རིམ་ལྔའི་སྤྱི་པའི་རིག་གནས་ཞབས་ཞུ་གྲོང་ཁྱེར་དང་གྲོང་གསེབ་ཏུ་ཁྱབ་པ་སོགས་དེང་སྐབས་བོད་དུ་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་དམངས་འཚོ་མགྱོགས་མྱུར་ལེགས་སུ་འགྲོ་བའི་རྣམ་པ་གསར་པ་མངོན་བཞིན་ཡོད། ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོགས་ཚུན་བོད་ཀྱིས་80%ཡན་གྱི་ནོར་སྲིད་གཏོང་སྒོ་ཞིང་ནགས་ཆུ་དང་། སློབ་གསོ། སྨན་བཅོས་འཕྲོད་བསྟེན། སྡོད་ཁང་འགན་ལེན་སོགས་དམངས་འཚོའི་གཙོ་གནད་ཁྱབ་ཁོངས་སུ་སྤྱོད་རྒྱུ་མཐའ་འཁྱོངས་བྱས་ཡོད། ད་ཆ་རྒན་གསོ་དང་། སྨན་བཅོས། ལས་ཤོར། ལས་རྨས། བུ་བཙའ་བཅས་འགན་བཅོལ་ཆེ་གྲས་ལྔ་གཙོ་བོར་བྱེད་པའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་ཡོངས་ལ་ཁྱབ་པའི་སྤྱི་ཚོགས་འགན་སྲུང་མ་ལག་ཕྱོགས་ཡོངས་ནས་བཙུགས་ཡོད།

    འདི་ལོ་ནས་བཟུང་བོད་ཀྱིས་ད་དུང་ལས་ཞུགས་འབབ་འཕར་ལ་སྐུལ་འདེད་གཏོང་བ་དང་། མི་དམངས་བློ་ཡིད་ཚིམ་པའི་སློབ་གསོ་ཡག་པོ་གཉེར་བ། དམངས་འཚོའི་མཐའ་ཚད་ཐ་སྐྱོང་བྱེད་པ་སོགས་དམངས་འཚོའི་འདུ་འགོད་ལག་ལེན་གཏིང་ཟབ་བསྟར་ནས་ལོ་15ཡི་གཞུང་གྲོན་སློབ་གསོ་དོན་འཁྱོལ་ཡག་པོ་བྱེད་པ་དང་། དམིགས་བསལ་ཚབས་ཆེའི་ནད་གཞིའི་སྨན་བཅོས་འགན་བཅོལ་དང་རོགས་སྐྱོབ་སྲིད་ཇུས་འཐུས་སྒོ་ཚང་དུ་གཏོང་བ། ས་བབ་མཐོ་ཚད་སྨི་4000ཡན་གྱི་རྫོང་གྲོང་5རུ་གཅིག་སྡུད་དྲོད་རླངས་མཁོ་འདོན་ལས་གྲྭ་ལག་ལེན་བསྟར་བ་སོགས་རེད། “དམངས་འཚོའི་བྱ་བ་དངོས་ཡག་པོ་སྒྲུབ་པར་སྐུལ་འདེད་བརྟན་པོ་བཏང་སྟེ་མང་ཚོགས་ལ་འགྱུར་ལྡོག་མཐོང་ཐུབ་པ་དང་ཕན་པ་དངོས་ཐོབ་པར་བྱེད་དགོས”ཞེས་བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་ཡིས་གསུངས་པ་རེད། །