བོད་ཡིག་ལ་ཡིག་མགོ་འབྲི་བའི་རྒྱུ་མཚན་ཨེ་ཤེས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-06-30   རྩོམ་ཁུངས།    བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།

     བོད་ཡིག་ལ་མི་རིགས་གཞན་གྱི་ཡིག་རིགས་དང་མི་འདྲ་བའི་ཡིག་མགོ་ཐོལ་པ་ཞིག་འབྲི་སྲོལ་ཡོད། དེ་ནི་བོད་ཡིག་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཞིག་རེད། 

    བོད་ཡིག་ལ་ཡིག་མགོ་འབྲི་བའི་དགོས་པ་གང་ཡིན་མིན་ཐད་ཡིག་རིགས་འཚོལ་ཞིབ་བྱས་ཀྱང་། དེའི་ཐད་ཀྱི་དཔྱད་གཞིའི་ཡིག་རིགས་མཇལ་སྐལ་མ་བྱུང་། འོན་ཀྱང་མཁས་དབང་འགའ་ཤས་ལ་བཅར་འདྲི་ཞུས་པ་དང་སྦྲགས་ལྷན་དུ་ཞིབ་དཔྱད་བྱས་པ་ལྟར་ན་འདི་ལྟ་སྟེ། ཡིག་མགོ་འབྲི་བའི་དགོས་པ་ནི་གཙོ་བོ་རྟེན་འབྲེལ་མཚོན་བྱེད་རང་ཡིན་པ་གཏན་འཁེལ་ནས་བཤད་ཆོག་པ་ཡིན། གང་ལགས་ཤེ་ན། བོད་རིགས་ཀྱིས་བྱ་དངོས་གང་ཞིག་ལའང་མགོ་མཇུག་བརྩི་བ་དང་རྟེན་འབྲེལ་མཚོན་པར་དུངས་ཞེན་ཆེན་པོ་བྱེད་སྲོལ་ཡོད་ཅིང་། ཡིག་མགོའི་བཟོ་དབྱིབས་ལ་ཞིབ་པར་དཔྱད་ན། དེ་ནི་ཉི་ཟླའི་དབྱིབས་ཡིན་པ་མཐོང་ཐུབ། ཡིག་མགོའི་འབྲི་སྲོལ་གང་ཞིག་ཡིན་ཀྱང་ཉིས་རྩེག་ཡིན་པ་དེའི་ཐོག་ནས་ཀྱང་ཡིག་མགོའི་བཟོ་དབྱིབས་ནི་ཉི་ཟླ་ཡིན་པ་ཅུང་གསལ་པོར་རྟོགས་ཐུབ།     ལྷག་དོན་སྤྱིར་བཏང་གི་ཡིག་རིགས་ཚང་མར་ཡིག་མགོ་འབྲི་དགོས་ངེས་ཡིན་རུང་། ཚེ་ལས་འདས་པའི་དམ་པའི་རྗེས་འཇུག་གི་ཞལ་འདེབས་ཡིག་རིགས་གི་ཁ་བྱང་ལྟ་བུའི་ཡིག་རིགས་ལ་ཡིག་མགོ་ཡེ་ནས་འབྲི་སྲོལ་མེད་པ་ལས་ཀྱང་དེ་དོན་མདོ་ཙམ་རྟོགས་ཐུབ།