བདེ་ཆེན་གྱི་དཔལ་འབྱོར་འཁོར་སྐྱོད་རྒྱུན་མཐུད་ངང་ལེགས་སུ་ཕྱིན་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-06-29   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།ད་ལོའི་ཚུན་དུ། ཁུལ་ཡོངས་ཀྱི་གོང་འོག་ཚང་མས་ནུས་ཤུགས་ཡོད་རྒུས་རྣམ་གྲངས་ལ་དམ་འཛིན་དང་།མ་འཇོག་ལ་ཤུགས་བསྣན་པ།ཁོར་ཡུག་ལེགས་བཅོས། འཕེལ་རྒྱས་ལ་སྐུལ་འདེད་བཅས་བཏང་སྟེ་ནུས་ཤུགས་ཡོད་རྒུས་ཁྱོན་ཡོངས་ནས་གཏན་འཇགས་རྒྱུ་ནོར་མ་འཇོག་གི་ལས་དོན་ལ་སྐུལ་འདེད་བཏང་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་བྱས་ཡོད་པ་རེད། ཟླ་1་པོ་ནས་5་པའི་བར་ཁུལ་ཡོངས་སུ་རིམ་རྩིས་བྱས་ན་གཏན་འཇགས་རྒྱུ་ནོར་ལ་མ་འཇོག་བྱེད་ཚད(ཞིང་དུད་ཚུད་མེད་པ)སྒོར་དུང་ཕྱུར་67.82ཟིན་པ་དེ་དུས་མཚུངས་ལས་14.7%འཕར་ཡོད་པ་རེད། འཕར་ཚད་དེ་ལོ་གོང་མའི་དུས་མཚུངས་ལས་བརྒྱ་ཆའི་གྲངས་9.3མཐོ་རུ་ཕྱིན་པ་དང་།ཟླ་གོང་མ་ལས་བརྒྱ་ཆའི་གྲངས་0.4ཡིས་མགྱོགས་སུ་སོང་ཡོད་པས།ཁུལ་ཡོངས་ཀྱི་དཔལ་འབྱོར་འཁོར་སྐྱོད་རྒྱུན་མཐུད་ངང་ལེགས་སུ་ཕྱིན་ཡོད།

    སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ནག་ཆུ་དབུས་སྟོད་ཀྱི་སྲུང་སྐྱོང་བཅོས་སྐྱོང་དང་སྣོད་བཅུད་ཉམས་གསོའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལས་གྲྭ་ཚ་ཚ་འུར་འུར་ངང་སྤེལ་བཞིན་ཡོད་པ། ས་དམ་ནས་སེམས་ཀྱི་ཉི་ཟླ་བར་གྱི་ལྕགས་ལམ་དང་ཧ་པ་རི་བོའི་ཕུག་ལམ་གྱི་ཨར་ལས་བྱ་ཡུལ་དུ་བཟོ་པས་ནུས་ཤུགས་ཡོད་རྒུས་མཐའ་མའི་གདོང་མཆོང་བྱས་ཏེ་ས་དམ་ནས་སེམས་ཀྱི་ཉི་ཟླ་བར་གྱི་ལྕགས་ལམ་དུས་བཀག་ལྟར་ཤར་གཏོང་ཐུབ་རྒྱུའི་འགན་ལེན་བྱས་པ་རེད།

    རྣམ་གྲངས་ཁག་གི་མ་འཇོག་དང་འཛུགས་སྐྲུན་ལས་དོན་ལ་སྐུལ་འདེད་ནུས་ལྡན་གཏོང་ཆེད།རང་ཁུལ་གྱིས་ཨར་སྐྲུན་གྱི་ལས་སྒྲུབ་དུས་ཚོད་ཡག་ཤོས་དམ་འཛིན་བྱས་ནས་རྣམ་གྲངས་འཛུགས་སྐྲུན་གྱི་འཕེལ་རིམ་མགྱོགས་སུ་བཏང་བ་དང་ནུས་ཤུགས་ཡོད་རྒུས་ཡུན་བོད་ལྕགས་ལམ་དང་ཡུན་བོད་མྱུར་བགྲོད་གཞུང་ལམ་སོགས་གཙོ་གནད་རྣམ་གྲངས་ཀྱི་དུས་འགོའི་ལས་དོན་དམ་འཛིན་ཡག་པོ་བྱས་ཡོད། ཟླ་1པོ་ནས་ཟླ་5པའི་བར་རང་ཁུལ་གྱིས་གསར་དུ་བསྐྲུན་པའི་གཙོ་གནད་རྣམ་གྲངས་76ལས་འགོ་ཚུགས་པ་དང་། མཐུད་སྐྲུན་གྱི་གཙོ་གནད་རྣམ་གྲངས་112སླར་ཡང་ལས་འགོ་ཚུགས་པ་རེད། གཞན་རྣམ་གྲངས་40དེ་2022ལོའི་ཞིང་ཆེན་ཡོངས་ཀྱི་དུས་ཚིགས་དང་པོ་དང་གཉིས་པའི་ཐོན་ལས་རྣམ་གྲངས་གལ་ཆེན་གཅིག་སྡུད་ཐོག་ལས་འགོ་འཛུགས་པའི་མཛད་སྒོར་ཞུགས་པས་ཁུལ་ཡོངས་ཀྱི་རྣམ་གྲངས་ཁག་ལ་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཐོན་ཡོད་པ་རེད།

    རང་ཁུལ་གྱིས་རིག་གནས་ཡུལ་སྐོར་ཐོན་ལས་དང་།ས་མཐོའི་ཁྱད་ལྡན་དེང་རབས་ཞིང་ལས།ལྗང་མདོག་ནུས་རྒྱུ།ལྗང་མདོག་གཏེར་ལས་སོགས་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་ཤུགས་ཆེན་བཏང་སྟེ་ཡུན་རིང་གི་འཕེལ་རྒྱས་ལ་སྒུལ་ནུས་གསོག་འཇོག་བྱས་ཡོད། ཟླ་1པོ་ནས་5་པའི་བར་ཁུལ་ཡོངས་ཀྱི་ཐོན་ལས་མ་འཇོག་སྒོར་དུང་ཕྱུར་18.25ཟིན་པ་དེ་དུས་མཚུངས་ལས་10.8%འཕར་ཡོད་པ་རེད།

    ད་ལོའི་ཚུན་དུ། རང་ཁུལ་གྱིས་ཚོགས་འདུ་སྣ་ཚོགས་འཚོགས་པ་བརྒྱུད་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བའི་ལས་དོན་ཇུས་འགོད་བྱས་ནས་ལས་འགན་ཚད་འབེབས་དང་འགན་འཁྲི་ཏན་ཏིག་འཁུར་ཏེ་ཁྱོན་ཡོངས་ནས་སྤུས་ལེགས་ཞབས་ཞུས་གཏན་འཇགས་རྒྱུ་ནོར་ལ་མ་འཇོག་བྱེད་པའི་ལས་དོན་ལ“སྲུང་སྐྱོང”བྱས་ཡོད། དེ་དང་ཆབས་ཅིག་རང་ཁུལ་གྱིས་ཁྲོམ་རའི་བྱེད་པོས་ཚོང་གཉེར་ཁོར་ཡུག་རྒྱུན་རྣམ་ཅན་གྱི་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་བཏང་སྟེ་ཚོང་གཉེར་ཁོར་ཡུག་སྔར་བས་ལེགས་སུ་བཏང་ཡོད་པ་རེད།