ཚྭ་འདམ་གཤོང་སའི་ངོ་མཚར་ལྡན་པའི་མཛེས་ལྗོངས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-06-27   རྩོམ་ཁུངས།    ཀྲུང་གོ་བོད་ལྗོངས་དྲ་བ།

     ཟླ6པའི་ཚེས20ཉིན་གསར་འགོད་པས་མཚོ་སྔོན་ཞིང་ཆེན་དུར་ལམ་རྫོང་ཨུ་དྲིལ་བསྒྲགས་པུའུ་ནས་ཤེས་རྟོགས་བྱུང་བར། ཚྭ་འདམ་གཤོང་སའི་དབུས་སུ་གནས་པའི་དུར་ལམ་རྫོང་མེ་རིའི་ཀ་གཟུགས་བྲག་རྡོའི་གས་ཚོགས་ཀྱི་མཛེས་ལྗོངས་ཁུལ་དངོས་སུ་སྤྱོད་འགོ་ཚུགས།

མེ་རིའི་ཀ་གཟུགས་བྲག་རྡོའི་གས་ཚོགས་ཀྱི་མཛེས་ལྗོངས་ཁུལ།

     དུར་ལམ་ས་ཆར་ཚ་འདམ་གཤོང་སའི་འབྲུ་མཛོད་ཅེས་པའི་མཚན་སྙན་ཡོད་ཅིང་། འོད་དང་། ཚ་བ། ཆུ། ས་བཅས་ཐུན་མོང་མ་ཡིན་པའི་མཐུན་རྐྱེན་ལས་ཚྭ་འདམ་གཤོང་སའི་སྔོ་ལྗང་ཞིང་ལས་དང་རྩྭ་ཐང་འབྲོག་ལས་བསྐྲུན་ཡོད།

     ངོ་སྤྲོད་བྱས་པར་གཞིགས་ན། དུར་ལམ་རྫོང་མེ་རིའི་ཀ་གཟུགས་བྲག་རྡོའི་གས་ཚོགས་ནི་མིག་སྔར་མཚོ་སྔོན་ཞིང་ཆེན་གྱིས་ཤེས་རྟོགས་བྱུང་བའི་གཞི་ཁྱོན་ཆེ་ཤོས་དང་ཁྱད་ཆོས་མངོན་གསལ་དོད་ཤོས་ཀྱི་མེ་རིའི་ཀ་གཟུགས་བྲག་རྡོའི་གས་ཚོགས་ཤིག་ཡིན་པ་དང་། ཡིད་དབང་འགུག་པའི་ངག་རྒྱུན་དང་དམིགས་བསལ་ཁྱད་ཆོས་ལྡན་པའི་ས་གཤིས་དང་རང་བྱུང་མཛེས་ལྗོངས་དག་ལྷན་དུ་འདུས་པ་ཞིག་ཡིན་པས། མཛེས་དཔྱོད་རིག་པའི་རིན་ཐང་དང་། དེ་བཞིན་ཚན་རིག་ཞིབ་འཇུག་དང་ཁྱབ་གདལ་གྱི་རིན་ཐང་ལྡན་ཡོད་པ་རེད། ཅུང་ཆ་ཚང་བའི་སྒོ་ནས་ད་བར་ལོ་ངོ་དུང་ཕྱུར2.2ཀྱི་གོང་གི་རང་བྱུང་མཛེས་ལྗོངས་ཀྱི་རྣམ་པ་མ་ཉམས་པར་གནས་ཡོད་པ་དང་། རང་བྱུང་ཁམས་ལ་སྔར་ནས་ཡོད་པའི་དྲི་མ་མེད་པའི་མཛེས་པ་དང་། ཡངས་ཤིང་རྒྱ་ཆེ་བ། ཚོན་མདངས་རྣམ་པར་བཀྲ་བ། འགུལ་རྣམ་གྱི་མཛེས་པ་སོགས་རང་བྱུང་གི་མཛེས་ཉམས་སྣ་ཚོགས་ཡོད་པས། དུར་ལམ་རྫོང་གི་གསར་སྤེལ་རིན་ཐང་དང་ལྟ་སྐོར་རིན་ཐང་ཆེ་ཤོས་ཀྱི་ས་ཁོངས་ཀྱི་གྲས་ཤིག་རེད།

       དུར་ལམ་རྫོང་གི་གཞུང་ཕྱོགས་ནས་བསྟན་དོན། ཉེ་བའི་ལོ་ཤས་རིང་དུར་ལམ་རྫོང་གིས“ས་ཁོངས་ཧྲིལ་པོའི་ཡུལ་སྐོར·ཡུལ་ལྗོངས་ཧྲིལ་པོའི་དུར་ལམ”ཞེས་པའི་འཕེལ་རྒྱས་དམིགས་ཚད་ལ་གཞིགས་ཏེ། ཧུར་ཐག་སྒོས“དུར་ལམ་ཡུལ་སྐོར་ལམ་ཐིག་ཆེན་མོ”བསྐྲུན་ནས་ཡུལ་སྐོར་ཐོན་ལས་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་སྟེ། ཧུར་ཐག་སྒོས་ཡུལ་སྐོར་ལས་རིགས་དེ་རྫོང་ཁོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལེགས་ཆ་ལྡན་ཤོས་ཀྱི་ཐོན་ལས་ཤིག་ཏུ་བསྐྲུན་ནས། གྲོང་གསེབ་དར་རྒྱས་གཏོང་བའི་ལས་དོན་སྤུས་ཚད་མཐོན་པོའི་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་བ་རེད། རྗེས་ཕྱོགས་མཛེས་ལྗོངས་ཁུལ་གྱི་དོ་དམ་ཆུ་ཚད་དང་ཞབས་ཞུའི་སྤུས་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་ནས། ཧུར་ཐག་སྒོས་མེ་རིའི་ཀ་གཟུགས་བྲག་རྡོའི་གས་ཚོགས་མཛེས་ལྗོངས་ཁུལ་དེ་དུར་ལམ་རྫོང་དང་ཐ་ན་མཚོ་སྔོན་གྱི་ཡུལ་སྐོར་མཛེས་ལྗོངས་ཁུལ་གྱི་ཞི་མཐུན་དང་། ཁྱད་ཆོས་དོད་པ། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་དང་རིག་གནས་ཀྱི་གོ་དོན་ཟབ་མོ་ལྡན་པའི་མཛེས་ལྗོངས་གསར་རྐྱང་ཞིག་ཏུ་བསྐྲུན་རྒྱུ་ཡིན་ཞེས་བསྟན།

ཚྭ་འདམ་གཤོང་སའི་མེ་རིའི་ཀ་གཟུགས་བྲག་རྡོའི་གས་ཚོགས་ཀྱི་མཛེས་ལྗོངས་ཁུལ་གྱི་ཟུར་ཞིག