འདབ་པ་རྫོང་གི་ཡུལ་སྐོར་རིག་གནས་དཔེ་ཚོཊ་དཔར་འགྲེམས་བྱས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-06-24   རྩོམ་ཁུངས།    ཀྲུང་གོའི་བོད་སྐད་རླུང་འཕྲིན།

 ཟླ་6པའི་ཚེས་23ཉིན་གྱི་སྔ་དྲོ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་དང་འདབ་པ་རྫོང་ཨུད། འདབ་པ་རྫོང་མི་དམངས་སྲིད་གཞུང་གིས་གཙོ་སྒྲུབ་བྱས་པའི་《འདབ་པ་རྫོང་གི་ཡུལ་སྐོར་རིག་གནས་དཔེ་ཚོགས》ཀྱི་དེབ་གསར་དཔེ་སྐྲུན་འགྲེམས་སྤེལ་དང་རིགས་གཅིག་མཁས་པའི་བཞུགས་མོལ་ཚོགས་འདུ་ཁྲེན་ཏུའུ་གྲོང་ཁྱེར་ཁྲི་ཀ་ཚང་མགྲོན་ཁང་དུ་གཟབ་རྒྱས་ངང་འཚོགས་ཤིང་། ཐེངས་འདིའི་ཚོགས་ཞུགས་མི་སྣའི་ཁྲོད་ཀྲུང་གོའི་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། སི་ཁྲོན་ཞིང་ཆེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་གཙོ་ཨ་ལེགས། སི་ཁྲོན་ཤིན་ཧྭ་དཔེ་སྐྲུན་འགྲེམ་སྤེལ་ཚོགས་པའི་ཏང་ཨུད་ཀྱི་ཧྲུའུ་ཅི། ལས་འཛིན་དཔོན། ཤིན་ཧྭ་ཝུན་ཤོན་དཔེ་སྐྲུན་སྨྱན་སྦྱོར་མ་རྐང་ཚད་ཡོད་ཀུང་སིའི་ཏང་ཨུད་ཀྱི་ཧྲུའུ་ཅི། ལས་འཛིན་དཔོན་བློ་བཟང་རྡོ་རྗེ། འདབ་པ་རྫོང་ཨུད་ཀྱི་ཧྲུའུ་ཅི་སྐལ་བཟང་འགྱུར་མེད། སི་ཁྲོན་དགེ་འོས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་དཔལ་ལྡན་ཉི་མ། ལྷོ་ནུབ་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་དགེ་ལེགས་སོགས་ཐེངས་འདིའི་ཚོགས་འདུར་ཞུགས་ཡོད།

    ཚོགས་འདུའི་ཐོག  སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་འགོ་འཛིན། སྤྱི་ཁྱབ་རྩོམ་སྒྲིག་པ་ཨ་སྔགས་ཚེ་རིང་བཀྲ་ཤིས་ཀྱིས་དཔེ་ཚོགས་ཀྱི་དཔེ་སྐྲུན་དང་དེའི་རིན་ཐང་ཐད་ནས་ཤིས་ཚིག་གནང་དོན། ཐེངས་འདིའི་དཔེ་ཚོགས་ནི་པར་ཡིག་སྦྲགས་མ་ལས་གྲུབ་པའི་པོད་བདུན་གྱི་བདག་ཉིད་ཅན་ཞིག་ཡིན་ལ། དཔེ་དེབ་རེ་རེས་འདབ་པ་རྫོང་ས་ཁུལ་གྱི་དམངས་སྲོལ་དང་མཛེས་ལྗོངས་སོགས་ལེགས་པར་མཚམས་སྦྱོར་བྱས་ཡོད་པས། དེས་འདབ་པ་རྫོང་གི་རིག་གནས་ཡུལ་སྐོར་ཐད་ལ་རྩ་བའི་རམ་འདེགས་བྱེད་ཐུབ།   

 འདབ་པ་རྫོང་ཨུད་ཀྱི་ཧྲུའུ་ཅི་སྐལ་བཟང་འགྱུར་མེད་ཀྱིས་ཐེངས་འདིའི་དཔེ་ཚོགས་ཀྱི་རྩོམ་སྒྲིག་དང་དཔེ་སྐྲུན་ལྟེ་བར་བཟུང་སྟེ། འདབ་པའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་སྔོག་འདོན་བྱེད་པར་ཡུལ་སྐོར་དང་རིག་གནས་གཉིས་མཐུན་སྦྱོར་ངང་འཕེལ་རྒྱས་ལེགས་པར་བཏང་ནས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་དགོས་ཞེས་བསྟན་གནང་བ་རེད། འདབ་པ་རྫོང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན། དྲིལ་བསྒྲགས་པུའི་པུའུ་ཀྲང་བསོད་ནམས་རྣམ་རྒྱལ་དང་རྩོམ་པ་པོའི་འཐུས་ཚབ་དབྱེན་ཆིན་ཧྭ་གཉིས་ཀྱིས་དཔེ་ཚོགས་ཀྱི་ཐོག་མའི་འཚོལ་སྡུད་དང་གསར་རྩོམ་སྐོར་ནས་ངོ་སྤྲོད་གནང་བ་རེད།


 

      ཚོགས་ཞུགས་ཀྱི་དབུ་ཁྲིད་དང་རིགས་གཅིག་མཁས་པ་རྣམས་ཀྱིས་འདབ་པ་རྫོང་གི་རིག་གནས་དང་ལོ་རྒྱུས། རི་ཆུ་དང་དམངས་སྲོལ་སོགས་ལ་གཞིགས་ཏེ་ཐེངས་འདིའི་དཔེ་ཚོགས་པར་སྐྲུན་གྱི་གྲུབ་འབྲས་ལ་གཟེངས་བསྟོད་དང་མ་འོངས་པའི་ཁ་ཕྱོགས་ཐད་དགོངས་འཆར་ལྷུག་གླེང་གནང་ཡོད།


     

  མ་འོངས་པར། འདབ་པ་རྫོང་གིས་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་དང་མཉམ་འབྲེལ་སྒོ་ནས་འདབ་པའི་ཁྱད་ཆོས་ལྡན་པའི་དཔེ་དེབ་དང་ཡུལ་སྐོར་རིག་གནས་ཀྱི་བྱེད་སྒོ་སྤེལ་རྒྱུ་དང་། འདབ་པ་རྫོང་ས་གནས་ཀྱི་ཕུལ་བྱུང་རིག་གནས་ལ་ཞིབ་འཇུག་དང་ས་གནས་དེ་གའི་རིག་གནས་ཁྲོད་ཀྱི་ཤེས་རབ་ཀྱི་ཉིང་བཅུད་བསྡུ་ལེན་གྱིས་འདབ་པའི་ཁྱད་ཆོས་ལྡན་པའི་ཡུལ་སྐོར་འཚོ་བ་སོགས་ཁྱབ་སྤེལ་བཏང་ཐོག རིག་གནས་དང་ཡུལ་སྐོར་མཉས་འདྲེས་ཀྱི་འཚོ་བ་གསར་པར་བསྐྱོད་རྒྱུར་ཤུགས་སྣོན་རྒྱག་རྒྱུ་ཡིན་པ་རེད།