ལྗོན་པའི་གྲིབ་བསིལ་འོག་ཉལ་རྒྱུར་དགའ་བའི་ཞིང་པ།༼གཏམ་རྒྱུད།༽

རྩོམ་པ་པོ།   གླིང་བུས་བསྒྱུར།  ཡིག་བསྒྱུར།       དུས་ཚོད།   2022-06-22   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

     སྔར་ཞིང་པ་ཞིག་ཡོད་པ་དེ་སྤྱིར་ན་འཚོ་བ་དབུལ་ཞིང་ཕོངས་ལ་དཀའ་ཁག་ཤིན་ཏུ་ཆེ་བ་ཞིག་ཡིན་ན་ཡང་།ཁོ་ནི་སྒྱིད་ལུག་ཤིན་ཏུ་ཆེ་བས་མི་སུ་ཞིག་གིས་ཁ་བརྡ་སློབ་གསོ་བཏང་ཡང་སྣང་མེད་དུ་བཏང་ནས་སྔར་བཞིན་བསྡད།   ཉི་འོད་དྲོ་ཞིང་འཇམ་པའི་ཉིན་མོ་རེ་རེར་ཞིང་པ་གཞན་རྣམས་ཀྱིས་ཞིང་ལས་བྱས་ནས་འདུག་ཁོམ་སྤུ་ཙམ་ཡང་མེད་མོད།   ཞིང་པ་སྒྱིད་ལུག་འདི་ནི་ལྗོན་པའི་གྲིབ་བསིལ་འོག་འཕྲེད་དུ་ཉལ་ནས་སྐྱིད་པོར་སྡོད་རྒྱུར་དགའ། 

      ཉིན་ཞིག་གི་ཚེ།ཞིང་ནང་ན་ལས་ཀ་བྱེད་པའི་ཁྱིམ་མཚེས་ཞིག་ཡོད་པ་དེས་མི་འགྱངས་པར་སྟོན་ཡང་བསྡུ་ལ་རན་པའི་གནས་ཚུལ་ལ་དམིགས་ཏེ།    ཤ་ཚ་བའི་སྒོ་ནས་སྡོང་བསིལ་ན་འཕྲེད་ཉལ་བྱས་ཡོད་པའི་ཞིང་པ་སྒྱིད་ལུག་ཅན་ལ།  ཨ་རོགས་ཁྱིམ་མཚེས་སྒྱིད་ལུག་ཅན་མ་འདུག་མྱུར་དུ་ཡར་ལ་ལོངས།  འདི་ལྟར་འཚོ་བ་རོལ་སྟངས་ཤིག་གཏན་ནས་ཡོད་པ་མ་རེད་ཅེས་སློབ་གསོ་བཏང་།  

      ཞིང་པ་སྒྱིད་ལུག་ཅན་གྱིས་མགོ་བ་ཡར་ཙམ་བཀྱགས་ཏེ་ཁྱིམ་མཚེས་ལ།དེས་ན་འཚོ་བ་རོལ་སྟངས་ཡང་དག་པ་ཞིག་ཅི་འདྲ་ལ་ཞིག་ལ་ཟེར་བ་ཡིན་ནམ་ཞེས་དྲིས། 

       ཁྱིམ་མཚེས་འདི་ནི་ཤིན་ཏུ་བཤད་མཁས་པ་ཞིག་ཡིན།ཁོས་གཟབ་ནན་ཀྱིས་ངང་ནས་ཞིང་པ་སྒྱིད་ལུག་ཅན་ལ་འདི་སྐད་ཅེས་སྨྲས།  མ་གཞི་ནས་ཁྱོད་ཀྱི་ཁྱིམ་ཚང་གི་ཆ་རྐྱེན་ཤིན་ཏུ་ཞན་པས་ངེས་པར་དུ་མི་གཞན་ནས་ལྡབ་འགྱུར་གྱིས་འབད་བརྩོན་བྱེད་དགོས།   ནངས་སྔ་ལངས་དང་དགོང་འཕྱི་ཉལ་བྱས་ནས་ཞིང་ལས་ཡག་པོ་བྱེད་པ་དང་།    དཔྱིད་ཀྱི་དུས་སུ་ས་བོན་འདེབས་དུས་སྒྱིད་ལུག་མ་བྱེད།   དབྱར་གྱི་དུས་སུ་ཡུར་མ་ཡུར་དུས་སྒྱིད་ལུག་མ་བྱེད། སྟོན་གྱི་དུས་སུ་ཞིང་འབྲེག་དུས་སྒྱིད་ལུག་མ་བྱེད་ཅེས་བཤད།  

         ཞིང་པ་སྒྱིད་ལུག་ཅན་གྱིས་རྣམ་གཡེང་གི་ངང་ནས་ལས་ཀ་འདི་དག་སྒྲུབ་ཀྱང་ཕན་ཐོགས་ཅི་ཡོད་ཅེས་བཤད།

      ཁྱིམ་མཚེས་ཀྱིས་སུན་སྣང་མེད་པར་ཞིང་པ་སྒྱིད་ལུག་ཅན་ལ།ལས་ཀ་འདི་དག་སྒྲུབ་ན་ཁྱོད་ལ་འབྲུ་རིགས་མང་པོ་ཐོབ་པའི་ཕན་པ་ཡོད།   དེ་དུས་ཁྱོད་ཀྱིས་གྲོན་ཆུང་ཏོག་ཙམ་བྱས་ནས་གྲོན་ཆུང་གི་གོམས་གཤིས་ཆགས་སུ་འཇུག་དགོས་པ་དང་།  དེ་ནས་འབྲུ་རིགས་ལྷག་མ་རྣམས་དངུལ་སྒོར་ལ་བརྗེས་ཆོག   སྒོར་མོ་ཡོད་ན་ཁྱོད་ཀྱིས་ས་ཞིང་མང་པོ་ཉོས་ཆོག     ས་ཞིང་མང་པོ་ཡོད་ན་འབྲུ་རིགས་མང་པོ་བསྡུ་ཐུབ་པས་འབྲུ་རིགས་མང་པོ་སྒོར་མོར་བརྗེས་ཆོག    འདི་ལྟར་བསྐྱར་ཟློས་བྱས་ན་ནམ་ཞིག་གི་ཚེ་ཁྱོད་རང་ཕྱུག་པོར་ཆགས་ཐུབ།   ཕྱུག་པོར་གྱུར་རྗེས་ཁྱོད་ཀྱིས་དཀའ་བའི་ལས་ཀ་བྱེད་མི་དགོས།   ཁྱོད་ཀྱིས་གླ་བ་མང་ཙམ་གླས་ནས་ཁོ་ཚོར་བཀོད་འདོམས་བརྒྱབ་ཆོག་ཅིང་།    སུས་ཀྱང་ཁྱོད་ལ་ཁ་ལ་ཉན་པ་རེད།   ཡང་ན་ཁྱོད་ཀྱིས་རྟ་དྲེལ་ཉོས་ནས་ཞིང་ལས་བྱེད་ཆོག་པས་དཀའ་ཁག་མང་པོ་ཞིག་སེལ་ཐུབ་ཀྱི་རེད།  སྐབས་དེ་དུས་ཁྱོད་ཀྱིས་ཅི་ཞིག་ཟ་འདོད་པ་དང་གོན་འདོད་ཀྱང་ཆོག    ཅི་ཞིག་བསམ་ཀྱང་འགྲུབ་ངེས་རེད།   དེ་དུས་ཁྱོད་ཀྱིས་ལས་ཀ་ཅི་ཡང་ལས་དགོས་པ་མ་རེད།   ཁྱོད་རང་ལྗོན་པའི་གྲིབ་བསིལ་འོག་ཉལ་ནས་གཉིད་སྐྱིད་པོ་ཁུག་ཆོག་གི་རེད་ཅེས་བཤད། 

       ཞིང་པ་སྒྱིད་ལུག་ཅན་གྱིས་དེ་འདྲ་ཡིན་ན་ལས་ཀ་དེ་དག་སྒྲུབ་པའི་དགོས་པ་མི་འདུག ཁྱོད་ཀྱིས་ལྟོས་དང་།   ང་རང་ད་ལྟ་གཞི་ནས་ལྗོན་པའི་གྲིབ་བསིལ་འོག་ཉལ་ན་སྐྱིད་པོ་ཉལ་ནས་བསྡད་ཡོད་པ་མ་རེད་དམ་ཞེས་ལན་བཏབ་ནས་སྒྱིད་ལུག་གི་མི་ཚེ་རོལ་མགོ་བརྩམས། 

        གལ་ཏེ་ཁྱོད་ལ་སྐྱིད་པོ་འདུག་པའི་ཐོབ་ཐང་དང་མ་རྩ་ཡོད་ན་མིག་མདུན་གྱི་བདེ་བ་ལོངས་སུ་སྤྱད་ཆོག་ཀྱང་དེ་ལས་ཀྱང་གོ་སྐབས་མང་པོ་ཞིག་ཤོར་ཉེན་ཡོད། གལ་ཏེ་ཁྱོད་ལ་སྐྱིད་པོ་འདུག་པའི་ཐོབ་ཐང་དང་མ་རྩ་འཇོམས་མེད་པར་ད་དུང་མུ་མཐུད་དེ་སྒྱིད་ལུག་གི་ངང་ནས་འཚོ་བ་སྐྱེལ་རྒྱུ་ཡིན་ན་ཁྱོད་ཀྱི་མ་འོངས་པའི་འཚོ་བ་ནི་སྔར་ལས་ཐབས་སྡུག་དང་ཇེ་ཞན་དུ་འགྱུར་རྒྱུ་ལས་གཞན་ཅི་ཡང་ཐོབ་རྒྱུ་མེད།