ཐོག་གཡོལ་བྱེད་སྟངས་ཀྱི་དྲན་སྐུལ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-06-14   རྩོམ་ཁུངས།    ཁམས་པའི་དྲ་བ།

       དབྱར་དུས་ཀྱི་དྲོད་ཚད་འཕར་བ་དང་ཆབས་ཅིག། གཏད་རྒྱུག་དྲག་པོའི་གནམ་གཤིས་ཇེ་མང་ཕྱིན་ནས་གློག་འཁྱུག་ཐོག་རྒྱག་འབྱུང་ཚད་ཀྱང་མངོན་གསལ་དོད་པོས་ཆེ་རུ་འགྲོ་བ་རེད། དེས་ན་གློག་འཁྱུག་ཐོག་རྒྱག་འདི་ཇི་ལྟར་གྲུབ་པ་དང་ཐོག་ཆར་འབབ་དུས་ང་ཚོས་ཅི་འདྲ་བྱས་ནས་རང་ཉིད་སྲུང་སྐྱོབ་བྱ་དགོས་པ་གཤམ་གསལ།

གློག་འཁྱུག་ཐོག་རྒྱག་ཇི་ལྟར་བྱུང་བ་རེད་ཅེ་ན།

       གློག་འཁྱུག་ཐོག་རྒྱག་ནི་ཆར་སྤྲིན་དང་འབྲེལ་བ་ཡོད་ཅིང་། ཆར་སྤྲིན་ནི་གཏད་རྒྱུག་དྲག་པོ་བྱེད་པའི་བརྒྱུད་རིམ་ཁྲོད་གྲུབ་པའི་སྤྲིན་ནག་ཡིན་པ་རེད། གཏད་རྒྱུག་དྲག་པོའི་ནུས་པའི་འོག། རླུང་ཁམས་ཆེན་པོའི་ནང་གི་མོ་གློག་དང་ཕོ་གློག་སོ་སོར་གྱེས་པར་མ་ཟད། སྤྲིན་ནང་གི་མི་འདྲ་བའི་གནས་སུ་གསོག་འདུས་བྱས་པ་རེད། སྣེ་གཤིས་མི་འདྲ་བའི་གློག་ཁུར་འདུས་ཁུལ་བར་གྱི་གློག་ཁམས་འཕར་སྣོན་བྱུང་ནས་ཚད་ངེས་ཅན་ཞིག་ཏུ་སླེབས་སྐབས། གློག་གཏོང་བའི་སྣང་ཚུལ་ཏེ་གློག་འཁྱུག་ཐོག་རྒྱག་གི་སྣང་ཚུལ་བྱུང་བ་རེད། 

       གློག་འཁྱུག་ཐོག་རྒྱག་ནི་རིགས་ཆེ་བ་ལ་གཞིགས་ནས་དབྱེ་ན་གཙོ་བོ་སྤྲིན་གསེང་གློག་འཁྱུག་དང་ས་ངོས་གློག་འཁྱུག་གཉིས་ལས་ས་ངོས་གློག་འཁྱུག་གིས་གནོད་འཚེ་དེ་བས་མང་པོ་བཟོ་སྲིད། དུས་རྒྱུན་གྱི་འཚོ་བའི་ཁྲོད། རྒྱུན་དུ་ང་ཚོའི་མིག་ལམ་དུ་མཐོང་བ་ནི་ས་ངོས་གློག་འཁྱུག་རེད། དེ་ནི་ཆར་སྤྲིན་ས་ངོས་སུ་ལྷུང་སྐབས་བྱུང་བའི་གློག་འཁྱུག་པས་སྤྲིན་ཕུང་གིས་འགོག་སྒྲིབ་བྱེད་མི་ཐུབ།  སྤྲིན་གསེང་གློག་འཁྱུག་ནི་སྤྲིན་ནང་དུ་བྱུང་བས་མིག་གིས་མཐོང་ཐུབ་ལེ་མ་རེད། 

གློག་འཁྱུག་ཐོག་རྒྱག་བྱུང་ནས་གནོད་འཚེ་ཅི་འདྲ་བཟོ་རེད་ཅེ་ན། 

       གློག་རྡེག། གློག་འཁྱུག་ཐོག་རྒྱག་ལས་བྱུང་བའི་ཨན་ཕེར་མཐོ་བའི་སྐད་ཅིག་གློག་རྒྱུན་གྱིས་རྩ་འཕར་གློག་ལམ་གྱི་རྣམ་པའི་ཐོག་ནས་ས་ངོས་ཀྱི་དངོས་གཟུགས་ལ་གཞན་བརྒྱུད་ནུས་པ་ཐོན་གྱི་ཡོད། སྐད་ཅིག་གློག་རྒྱུན་གྱིས་ཐད་ཀར་འཛུགས་སྐྲུན་དངོས་པོ་དང་མི་ལུས་སོགས་ལ་གློག་རྡེག་གི་སྣང་ཚུལ་བཟོས་པ་རེད། 

        མེ་སྐྱོན། གློག་འཁྱུག་ཐོག་རྒྱག་འབྱུང་སྐབས་སྐད་ཅིག་ཉིད་ལ་ཤིན་ཏུ་ཚ་དྲོད་མཐོ་བའི་གྱེས་རྡུལ་མཉམ་པའི་ཕུང་པོ་བྱུང་ནས། གློག་རྒྱུན་གློག་འགོག་རྒྱུན་ཆད་མེད་པར་ཇེ་ཆེར་འགྲོ་བའི་གནས་ཚུལ་འོག། འབར་སྲེག་གི་མེ་ཟླུམ་གྲུབ་པ་རེད། མེ་ཟླུམ་མཁའ་རླུང་གི་སྟུག་ཚད་དང་ཇེ་ཉེ་རུ་སླེབས་འགྲོ་སྐབས།རླུང་གི་འགུལ་སྐྱོད་དང་བསྟུན་ནས་འཕྲད་པའི་དངོས་གཟུགས་ལ་གཏོར་བརླག་བཟོ་ནས་མེ་སྐྱོན་བྱུང་བ་རེད།


འབྲུག་ཆར་གྱི་སྐབས་སུ་ཁ་པར་རྒྱག་ཨ་ཉན་རེད་ཅེ་ན།  

        ཁ་པར་དེ་རང་གིས་ཐོག་ཁྲིད་མི་སྲིད་པས། འབྲུག་ཆར་གྱི་གནམ་གཤིས་སྐབས་སུ་ཁ་པར་རྒྱག་ནའང་ཉེན་ཁ་ཡོད་མ་རེད། འོན་ཀྱང་ཐོག་རྒྱག་པའི་དོན་རྐྱེན་བྱུང་སྐབས། གློག་རྒྱུན་དེ་མིའི་ལུས་ཁམས་སུ་བརྒྱུད་པའི་དུས་མཚུངས་སུ། ལག་ཐོགས་ཁ་པར་བརྒྱུད་ནས་ལག་ཐོགས་ཁ་པར་བླུག་སའི་དོར་ཁུག་དང་ཡང་ན་དེའི་མཐའ་འཁོར་གྱི་ལུས་པོའི་པགས་པ་འཚིག་རྨས་ཚབས་ཆེ་བ་བཟོ་བ་རེད།  དེ་བས་ན་འབྲུག་ཆར་གྱི་སྐབས་སུ་ལག་ཐོགས་ཁ་པར་རྒྱག་མི་ཉན་པའི་བཤད་ཚུལ་འབྱུང་བ་རེད།  

འབྲུག་ཆར་གྱི་གནམ་གཤིས་སྐབས་སུ་ཆར་གདུགས་རིགས་གང་འདྲ་ཕུབ་མི་ཉན་པ་ཅི་རེད་ཅེ་ན། 

       ཡངས་ཤིང་རྒྱ་ཆེ་བའི་ཁོར་ཡུག་ཁྲོད། མིའི་ལུས་པོ་ནི“གཟུགས་མཐོ”ཡིན་པར་བརྟེན།གལ་ཏེ་ཆར་གདུགས་ཕུབ་ནས་མཐོ་ཚད་སྔར་ལས་མཐོ་རུ་ཕྱིན་ན། གློག་འཁྱུག་ཐོག་རྒྱག་དེ་བས་འདྲེན་སླ་བ་རེད། ཚན་རིག་དང་མཐུན་པའི་ལས་སྟངས་ནི་ཆར་གདུགས་མི་ཕུབ་པ་དང་། ལྷག་པར་དུ་ལྕགས་རིགས་དབྱུག་པས་ཆར་གདུགས་ཕུབ་མི་ཉན་པ་རེད། 

ཕྱི་རོལ་དུ་ཐོག་འགོག་ཇི་ལྟར་བྱ་དགོས་ཞེ་ན།

        ཕྱི་རོལ་དུ་འབྲུག་ཆར་གྱི་གནམ་གཤིས་དང་འཕྲད་དུས། ཐོག་མར་ཉེན་ཁ་མེད་པའི་ས་གནས་ཤིག་འཚོལ་དགོས། གལ་ཏེ་ས་གནས་གཏན་འཁེལ་བྱེད་མི་ཐུབ་པ་དང་ཡང་ན་དུས་ཚོད་མ་འདང་ན། རང་འགུལ་ངང་རང་ཉིད་ཀྱི་གཟུགས་པོའི་མཐོ་ཚད་དམའ་རུ་གཏང་དགོས་པ་ལས། རང་ཉིད་འདི་ཁོར་ཡུག་ཧྲིལ་པོའི་ནང་ཆེས་མཐོ་ཤོས་བྱེད་མི་ཉན། དྲན་སྐུལ་བྱེད་དགོས་པ་ཞིག་ལ།འབྲུག་ཆར་གྱི་གནམ་གཤིས་སྐབས་སུ་ཤིང་སྡོང་གཏན་ནས་གཡོལ་དགོས། 

ཁང་པའི་ནང་དུ་ཐོག་ཇི་ལྟར་འགོག་དགོས་ཞེ་ན། 

       སྒེའུ་ཁུང་གི་ཉེ་སར་བཅར་མི་རུང་ལ། དྲོད་རླངས་དང་ཆུ་སྦུག། ཆུ་འབུད་གཏོང་སྦུག་སོགས་དང་རྒྱང་ཐག་ཇེ་རིང་བྱ་དགོས།ད་དུང་གློག་སྒྲོན་དང་ཁ་པར།ཁང་པའི་ཕྱི་རོལ་གྱི་གནམ་སྐུད་སོགས་ལས་གཡོལ་ཟུར་བྱས་ནས་སྐུད་ལམ་དང་སྒྲིག་ཆས་འདི་དག་གིས་མིའི་ལུས་ལ་གློག་ཐེངས་གཉིས་པ་གཏོང་བར་འགོག་ཟོན་བྱ་དགོས། ལག་ལེན་བྱེད་ཐུབ་པའི་གནས་ཚུལ་འོག། ཁང་པའི་ནང་གི་གློག་ཁུངས་གཅོད་དགོས། །