འཇིག་རྟེན་ཁམས་ལ་རྒྱུས་ལོན་བྱེད་ས་ཡག་པོ་ཞིག་སྐྲུན་རྩིས་འདུག

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-06-14   རྩོམ་ཁུངས།    བོད་ལྗོངས་ཉིན་རེའི་ཚགས་པར།


      བོད་ལྗོངས་གནམ་རིག་ཁང་གི་རྩིག་རྨང་འདིང་བའི་མཛད་སྒོ་བོད་ལྗོངས་རང་བྱུང་ཚན་རིག་རྟེན་རྫས་བཤམས་མཛོད་ཁང་གི་ཤར་ངོས་སུ་གཉེར་བ་དེ་ཐོག་ནས་བོད་ལྗོངས་གནམ་རིག་ཁང་གི་རྣམ་གྲངས་དངོས་སུ་བསྐྲུན་འགོ་ཚུགས་པ་མཚོན་གྱི་ཡོད།

         ཤེས་རྟོགས་བྱུང་བར་གཞིགས་ན། བོད་ལྗོངས་གནམ་རིག་ཁང་གི་ཐོག་ཁར་འཛམ་གླིང་ཐོག་ཞེང་ཚད་ཆེ་ཤོས(སྨི་1.06ལྷག་ཙམ)ཀྱི་འཁྱོག་འཕྲོའི་འོད་རིག་གནམ་རིག་རྒྱང་ཤེལ་བསྒར་རྒྱུ་ཡིན་པ་དང་། དེར་ཚན་ཞིབ་དང་ཚན་རིག་ཁྱབ་གདལ་གྱི་ནུས་པ་ལྡན་ཡོད། ཚན་རིག་ཞིབ་འཇུག་བྱེད་སྐབས། འཇིག་རྟེན་ཁམས་ཀྱི་སྐར་མའི་གོ་ལར་ལྟ་དཔྱད་ཚད་འཇལ་དང་ཞིབ་འཇུག་བྱེད་པ་ཕུད། ད་དུང་རང་རྒྱལ་གྱི་སྲུང་སྐར་དང་འཕུར་གྲུ་སོགས་འཕེན་གཏོང་བྱེད་པར་བར་སྣང་གི་ཉེན་ཟོན་སྔོན་བརྡ་གཏོང་བའི་ནུས་པ་འདོན་ཐུབ་ཀྱི་ཡོད་པ་རེད།
      ཤེས་རྟོགས་བྱུང་བར་གཞིགས་ན། བོད་ལྗོངས་གནམ་རིག་ཁང་གི་སྤྱིའི་སྐྲུན་དངོས་ཀྱི་རྒྱ་ཁྱོན་ལ་སྨི་ངོས་གྲུ་11571.9ཡོད་ཅིང་། 2024ལོའི་ཟླ་6པར་བསྐྲུན་ཚར་བ་བྱ་རྩིས་ཡོད་པ་རེད། ཁང་འདི་བསྐྲུན་རྗེས་བོད་ཀྱི་རང་བྱུང་ཚན་རིག་རྟེན་རྫས་བཤམས་མཛོད་ཁང་གིས་མིག་སྔར་བཙུགས་པའི་རང་བྱུང་ཁང་དང་། ཚན་རྩལ་ཁང་། ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོ་ཁང་བཅས་ཀྱི་རྨང་གཞིའི་ཐོག་གནམ་རིག་ཁང་དང“ཁང་བཞི་གཅིག་སྒྲིལ”མངོན་འགྱུར་ཐུབ་རྒྱུ་རེད་ལ། བོད་ཀྱི་མཚོན་བྱེད་རང་བཞིན་གྱི་སྐྲུན་དངོས་གཞན་ཞིག་ཏུ་གྱུར་བཟོ་ཡོད་པ་རེད།

        བོད་ལྗོངས་གནམ་རིག་ཁང་བསྐྲུན་རྗེས་འགྲེམས་སྟོན་དང་། གསོ་སྦྱོང་། ཚོད་ལྟ། གློག་བརྙན་སྟོན་པ། སྙན་ཞུའི་འཆད་ཁྲིད་སོགས་ཀྱི་རྣམ་པ་བརྒྱུད་གནམ་རིག་ཚན་རིག་ཤེས་བྱ་ཁྱབ་གདལ་སོགས་ཀྱི་བྱེད་སྒོ་སྤེལ་ནས། སྤྱི་ཚོགས་ཡོངས་སུ་ཚན་རིག་གི་སྙིང་སྟོབས་དར་སྤེལ་དང་སྤྱི་དམངས་ཀྱི་ཚན་རིག་རིག་གནས་ཀྱི་བྱང་ཚད་མཐོ་རུ་གཏོང་བ་སོགས་ལ་དམིགས་བསལ་དང་གལ་ཆེའི་ནུས་པ་ཐོན་རྒྱུ་ཡིན་པ་རེད། བོད་ཀྱི་རང་བྱུང་ཚན་རིག་རྟེན་རྫས་བཤམས་མཛོད་ཁང་གི་ལོ་རིམ་བྱུང་གི་གཉེར་སྐྱོང་གྲངས་གཞི་ཚོད་རྩིས་བྱས་པར་གཞིགས་ན། བོད་ལྗོངས་གནམ་དཔྱད་ཁང་སྒོ་ཕྱེ་རྗེས་ལོར་སྣེ་ལེན་བྱེད་ཚད་མི་ཐེངས་ཁྲི་10ལྷག་ཙམ་ཟིན་རྒྱུ་དང་ལོ་རེར་སྤྱི་དམངས་ཁྲི་10ལྷག་ཙམ་ལ་གནམ་རིག་ཚན་རིག་གི་ཚན་རིག་ཁྱབ་གདལ་སློབ་གསོ་ཐོབ་རྒྱུ་ཡིན་པ་རེད།