མི་རབས་གསུམ་གྱི་གསར་བརྗེའི་དད་སེམས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-06-08   རྩོམ་ཁུངས།    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།

    “ངས་རང་ཉིད་ཀྱི་དངོས་པོ་ཉར་ཚགས་བྱེད་སའི་ཁང་མིག་གཉིས་ལ‘དྲན་པའི་ཡུལ་གྱི་གཅེས་ནོར’ཞེས་མིང་བཏགས་པ་ཡིན། གང་ལགས་ཤེ་ན། གསར་བརྗེའི་ཐོན་ཁུངས་སྔོག་འདོན་བྱས་ནས་མི་སྔར་ལས་མང་བས་ཏང་གི་བཀའ་དྲིན་བློ་ལ་བརྟན་པོར་ངེས་ཐུབ་པའི་ཆེད་དུ་ཡིན”ཞེས་གཟུགས་པོ་ཆེ་ཞིང་རིད་ལ་ཤ་རྩི་སྨུག་པ་དང་མིག་གཉིས་ཁྲ་ཧྲིག་གེར་སྣང་ཞིང་། ལུས་ལ་གྱོན་པའི་ཕྱུ་པ་བཟོ་ལེགས་ཤིང་ཁམས་གཙང་བའི་ཐོག་ཏུ་བཏགས་པའི་ཏང་རྟགས་ལས་འོད་མདངས་འཚེར་བཞིན་དུ་ལོ་57ལ་སླེབས་པའི་བཀྲ་ཤིས་དར་རྒྱས་ཀྱིས་དེ་ལྟར་བཤད།

    བཀྲ་ཤིས་དར་རྒྱས་ནི་སྦྲ་ཆེན་རྫོང་བྱ་མང་ཤང་རྡོ་འབུམ་ཐང་གྲོང་ཚོ་ནས་ཡིན་པ་དང་། ཏང་ལ་ཞུགས་ནས་ལོ་40ལྷག་ཙམ་འགྲོ་གི་ཡོད། ཁོང་གི་ཁྱིམ་དུ་རིན་པ་སྤྲོད་མི་དགོས་པར་འགྲོ་ཆོག་པའི་བཤམས་སྟོན་ཁང་ཞིག་ཡོད། དེའི་ནང་ཏང་གི་སྐབས་རིམ་བྱོན་གྱི་དབུ་ཁྲིད་ཀྱི་སྐུ་པར་ཡོད་པ་མ་ཟད། ད་དུང་ཉར་ཚགས་ཡག་པོ་བྱས་པའི་མའོ་ཀྲུའུ་ཞིའི་སྐུ་པར་དང་རྟགས་མ་དང་། ཏང་གི་ཚགས་པར་དང་དུས་དེབ་སྣ་ཚོགས། དཔེ་དེབ་དང་ལག་ཁྱེར་རྙིང་པ། དེ་བཞིན་བོད་རྙིང་པའི་སྐབས་ཀྱི་ཐོན་སྐྱེད་དང་འཚོ་བའི་སྤྱོད་ཆས་བཅས་ཀྱང་ཡོད།

    བཤམས་སྟོན་ཁང་དེ་བཙུགས་པ་ནི་ཁོང་གི་ཕ་དང་འབྲེལ་བ་ཡོད་དེ། བོད་ཞི་བས་བཅིངས་འགྲོལ་གཏོང་བའི་སྐབས། བཀྲ་ཤིས་དར་རྒྱས་ཀྱི་ཕ་བཅིངས་འགྲོལ་དམག་གི་སྣེ་ཤན་པ་ཡིན་པ་དང་། རྗེས་སུ་ཀྲུང་གོ་གུང་ཁྲན་ཏང་ལ་ཞུགས་པ་རེད། ཆུང་དུས་ནས་ཕས་རྟག་ཏུ་བཀྲ་ཤིས་དར་རྒྱས་ལ་རང་ཉིད་ཀྱི་མི་ཚེའི་མྱོང་བ་བརྗོད་ཀྱི་ཡོད། དེ་ལྟར་ཕའི་ཤུགས་རྐྱེན་འོག་རིམ་བཞིན་དར་མར་གྱུར་པའི་བཀྲ་ཤིས་དར་རྒྱས་དམག་ལ་ཞུགས་པའི་མིང་ཐོ་བཀོད་ནས་བཅིངས་འགྲོལ་དམག་མི་ཞིག་ཏུ་གྱུར་པ་རེད།

    ཁོང་གི་ཕ་ཚེ་ལས་མ་འདས་གོང་། ཕས་རང་ཉིད་དཔུང་སྡེར་སྡོད་སྐབས་གྱོན་མྱོང་བའི་དམག་ཆས་དང་དམག་མི་དང་མཉམ་དུ་སྐྱོད་སྐབས་བེད་སྤྱོད་བཏང་མྱོང་བའི་ཅ་དངོས་བཀྲ་ཤིས་དར་རྒྱས་ལ་བཞག་པ་མ་ཟད། “དེ་ནི་ངའི་མི་ཚེ་ཧྲིལ་པོར་ཁྱེད་ལ་འཇོག་རུང་བའི་གཅེས་ནོར་རྩ་ཆེན་ཤ་སྟག་ཡིན། ཀྲུང་གོ་གུང་ཁྲན་ཏང་གི་རྗེས་སུ་འབྲངས་ཚེ་ང་ཚོར་གཞི་ནས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་རྒྱུ་ཡོང་བ་བློ་ལ་བརྟན་པོར་ངེས་དགོས་པའི་མངགས་ཆའང་བྱས”དེ་ནས་བཟུང་གསར་བརྗེའི་རིག་དངོས་སྲུང་སྐྱོང་དང་ཉར་ཚགས་བྱ་རྒྱུ་དེ་བཀྲ་ཤིས་དར་རྒྱས་ཀྱི་འཚོ་བའི་ཆ་ཤས་སུ་གྱུར་ནས་དུས་རབས་ཀྱི་རྟགས་མཚན་གསལ་པོ་མངོན་པའི་གསར་བརྗེའི་རིག་དངོས་མཐོང་རིམ་བཞིན་ཡུལ་དུས་ལ་མ་བལྟོས་པར་ཁོང་གིས་ཐབས་ཤེས་ཡོད་རྒུ་སྤྱད་ནས་བསྡུ་རུབ་བྱེད་ཀྱི་ཡོད།ཉར་ཚགས་བྱས་པའི་ཅ་དངོས་ཕུན་སུམ་ཇེ་ཚོགས་སུ་ཕྱིན་པ་དང་བསྟུན་ནས་བཀྲ་ཤིས་དར་རྒྱས་ལ་རང་ཉིད་ཀྱི་ཁྱིམ་དུ་གསར་བརྗེའི་རིག་དངོས་བརྗོད་གཞིར་བྱས་པའི་བཤམས་སྟོན་ཁང་ཞིག་འཛུགས་རྒྱུའི་བསམ་བློ་འཁོར།

    2015ལོར་བཤམས་སྟོན་ཁང་དངོས་སུ་སྒོ་ཕྱེ་བ་དང་། ད་ཆ་བཤམས་སྟོན་ཁང་དུ་འགྲེམས་རྫས་1000ལྷག་ཙམ་ཡོད་པ་དེ་དག་ལས་དུས་རབས་ཀྱི་རྟགས་མཚན་དང་འཕེལ་རྒྱས་ཀྱི་བརྒྱུད་རིམ་མཚོན་བཞིན་ཡོད།དུས་ཀྱི་འགྲོས་དང་བསྟུན་ནས་མི་ཚོས་གཅིག་ལ་གཅིག་བརྒྱུད་དུ་བཤད་པས་ལྟ་སྐོར་ལ་ཡོང་མཁན་ཇེ་མང་དུ་གྱུར་ཞིང་། 2021ལོར་བཤམས་སྟོན་ཁང་དེ་ས་གནས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་བྱ་ཡུལ་དུ་གྱུར་ནས་ད་བར་ལྟ་སྐོར་ལ་ཡོང་མཁན་མི་ཐེངས་2000ལྷག་ཙམ་ལ་སྣེ་ལེན་ཞུས་ཡོད།བཀྲ་ཤིས་དར་རྒྱས་ཀྱི་ཤུགས་རྐྱེན་འོག་བུ་མོ་ནོར་མཚོའང་གསར་བརྗེའི་ས་བོན་རྒྱུན་འཛིན་དང་གསར་བརྗེའི་ཐོན་ཁུངས་སྲུང་སྐྱོང་ལས་ལ་ཞུགས་ཤིང་། ཁོང་གིས“པཱ་ལགས་ཀྱིས་བཙུགས་པའི‘གསར་བརྗེའི་གཡུལ་ས’འདི་ཡག་པོ་བསྲུངས་ནས‘གསར་བརྗེའི་ཐོན་ཁུངས’ཀྱི་ནུས་པ་ལེགས་པར་བཏོན་ཏེ། བཤམས་སྟོན་ཁང་འདི་བློ་གཅིག་སེམས་གཅིག་ངང་སྲུང་སྐྱོང་བྱས་ནས་གསར་བརྗེའི་ཁྲག་རྒྱུན་མི་རབས་ནས་མི་རབས་བར་གནས་ཐུབ་པ་བྱེད་ཀྱི་ཡིན”ཞེས་བཤད།

    གུང་ཁྲན་ཏང་ཡོན་ཞིག་ཡིན་པའི་ནོར་མཚོ་ད་ཆ་རྡོ་འབུམ་ཐང་གྲོང་ཚོའི་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཡིན་པ་དང་། དུས་རྒྱུན་རང་སོའི་ལས་འགན་སྒྲུབ་པ་ཕུད། ད་དུང་སྐད་འཕྲིན་གྲོགས་ཚོམས་མང་པོ་བརྒྱུད་སྦྲ་ཆེན་རྫོང་དང་། འབྲི་རུ་རྫོང་། སྙན་རོང་རྫོང་སོགས་ཉེ་འཁོར་རྫོང་གི་ཞིང་འབྲོག་མང་ཚོགས་ལ་སློབ་ཚན་ཁྲིད་དེ་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་གཏོང་གི་ཡོད། །