ད་ལྟའི་དུས་འདི་གཅེས་སུ་ཟུངས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-05-25   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

    དགེ་ལེགས་ནི་ལས་ངན་ཅན་གྱི་མི་ཞིག་ཡིན་པ་འདྲ།   ལོ་ན་ཆུང་དུས་ཁོའི་ཁྱིམ་གྱི་འབྱོར་བ་ཤིན་ཏུ་ཞན་པས་སློབ་གྲྭར་སོང་ནས་དཔེ་ཆ་འདོན་པའི་གོ་སྐབས་ཤོར་ལ།  འཚོ་བའི་ཕྱིར་དུ་ཚགས་པར་བཙོང་བ་དང་ཚོང་ཁང་ནས་གླ་མི་བྱེད་ག་མེད་བྱུང་། 

    ལོ་མང་པོ་ཞིག་འགོར་རྗེས་ཁོས་ལས་དོན་ཞིག་སྒྲུབ་པའི་མགོ་བརྩམས་པ་དང་།   རེ་ཞིག་གྲོགས་པོ་ཞིག་ཡོད་པ་ལ་དངུལ་བསྐྱི་བའི་བར་འདུག་བྱས་པས་རྗེས་སུ་གྲོགས་པོ་དེས་དངུལ་ཁང་གི་བུ་ལོན་སྐྱིན་ཚབ་འཇལ་མ་ནུས་ཤིང་དགེ་ལེགས་ལའང་དོམ་ཁ་འཁོར་ནས་དཀའ་སྡུག་གིས་གསོག་པའི་རྒྱུ་ནོར་ཚང་མ་སྐད་ཉིད་ཉིད་ལ་མེད་བརླག་ཏུ་སོང་། ཁོས་སྔོན་ཆད་དངུལ་ཁང་ཞིག་ཏུ་ཉར་ཡོད་པའི་རྒྱུ་ནོར་ཡང་དངུལ་ཁང་དེས་དཔལ་འབྱོར་གྱི་ཉམས་ཉེས་ཁུར་བས་ཚང་མ་སྐད་ཅིག་ཉིད་ལ་མེད་བརླག་ཏུ་སོང་། ཐབས་སྡུག་གི་གནས་ཚུལ་གཅིག་རྗེས་གཉིས་མཐུད་དུ་བྱུང་བས་ཁོའི་སེམས་ལ་རྨ་ཁ་ཆེན་པོ་བཟོས་པ་དང་། འདང་རྒྱག་གི་ནང་ལ་ལྷུང་ནས་ཁོ་རང་ནད་ཀྱིས་མནར་ཅིང་ཉམས་ཐག་པར་གྱུར་ནས་ཉལ་སར་ལྷུང་། སྨན་བཅོས་བྱས་ཀྱང་མ་ཕན་པས་ཁོས་ཁ་ཆེམས་ཡི་གེ་མི་འབྲི་ག་མེད་བྱུང་།

   གང་ལྟར་རང་ཉིད་འཆི་བའི་དུས་ལ་སླེབས་པས་ད་ནི་སྐྱོ་སྡུག་བཅངས་ཡང་ཕན་པ་མི་འདུག་པས་དགའ་སྐྱིད་ཀྱི་དོན་དག་རེ་དྲན་ནས་སྐྱིད་པོ་ཞིག་བསྡད་ན་ཅི་མ་རུང་བསམ།   དགེ་ལེགས་ཀྱིས་མཚམས་རེར་རང་ཉིད་ལ་སེམས་གསོ་དང་ཡང་མཚམས་རེར་ཆུང་དུས་ཀྱི་དགའ་སྣང་ཡོད་པའི་དོན་དག་རེ་དྲན་བཞིན་ཟླ་འགའ་སོང་བ་ན།   ཡ་མཚན་པ་ཞིག་ལ་ཁོ་རང་འཆི་རྒྱུ་ཕར་ཞོག  ཐ་ན་ལུས་པོ་དང་སེམས་ཁམས་ཀྱང་ཇེ་བདེ་ལ་སོང་ནས་མལ་ཁྲི་ལས་ལངས་ཐུབ་པ་བྱུང་ལ་ཕྱི་རོལ་ལ་སོང་ནས་མཁའ་དབུགས་གསར་བ་རྔུབ་ཏེ་གོམ་བགྲོད་ཀྱང་བྱེད་ཐུབ་པ་བྱུང་། 

   ཡང་བསྐྱར་ཡར་ལངས་ཐུབ་པ་བྱུང་བ་དེས་དགེ་ལེགས་ཀྱིས་གནས་ལུགས་ཟབ་མོ་ཞིག་ཤེས་རྟོགས་བྱུང་།   ཁོང་གིས་འདས་ཟིན་པའི་ཕམ་ཁ་དེ་བསྐྱར་དྲན་མི་བྱེད་པ་དང་།  ཡང་སང་ཉིད་ཀྱི་གནོན་ཤུགས་ལ་སེམས་ཁུར་མི་བྱེད་པར་དེ་རིང་གི་ད་ལྟའི་གནས་སྐབས་འདི་ཁོ་ན་དྲན་ཞིང་གཅེས་སུ་བཟུང་བ་དང་འབད་བརྩོན་བྱེད་པའི་གོམས་གཤིས་ཆགས།    ལོ་མང་པོ་ཞིག་ཀྱང་མ་འགོར་བར།    ཁོའི་ལས་དོན་ལ་འཕེལ་རྒྱས་གསར་བ་འབྱུང་བའི་མགོ་བརྩམས་པ་དང་།  ཡང་ལོ་འགའི་རིང་གི་འབད་བརྩོན་བྱས་འོག་ཁོ་ནི་སྤྱི་གཉེར་ཁང་ཆེན་པོ་ཞིག་གི་སྦྱིན་བདག་ཆེན་མོར་གྱུར། 

     མི་སུ་ཞིག་ཡིན་རུང་།   འདས་ཟིན་པའི་ཁ་སང་ལ་བསྒྱུར་བཀོད་བྱེད་པའི་ནུས་པ་མེད་ལ།   ཡང་སུ་ཞིག་གིས་ཀྱང་སང་ཉིན་དོན་དག་ཅི་ལྟ་བུ་ཞིག་ལ་འཕྲད་པའི་ཚོད་དཔག་བྱེད་མི་ཐུབ།   ཡིན་ནའང་མི་སུ་ཞིག་གིས་ཀྱང་དེ་རིང་གི་ད་ལྟའི་དུས་ཚོད་འདི་གཅེས་སུ་བཟུང་ནས་དམ་འཛིན་བྱས་ཆོག་ཅིང་།   དེ་རིང་དང་དེ་རིང་རེ་རེའི་དུས་ཚོད་འདི་ལ་གཅེས་སྤྲས་བྱས་པ་ཡིན་ན་ང་ཚོའི་མི་ཚེ་ཧྲིལ་བོར་སྔར་ལས་ལྷག་པའི་དོན་སྙིང་ལྡན་ཡོང་བར་ངེས།