རྒྱུན་མཐོང་གི་ཟས་རིགས་འདི་དག་གིས་ཀྱང་དུག་ཕོག་སྲིད་པས་གཟབ་དགོས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-05-11   རྩོམ་ཁུངས།    ཁམས་པའི་དྲ་བ།

        ཁྲོག་ལེ་ཡི་བྲོ་བ་ཞིམ་པའི་དབང་གིས་དགའ་བསུ་ཆེན་པོ་ཐོབ་ཀྱི་ཡོད་མོད། འོན་ཀྱང་ཉེ་ཆར་གྲགས་ཅན་ཚོང་རྟགས་ཤིག་གི་ཁྲོག་ལེ་ལ་ཧྲ་མོན་ཧྲི་འབུ་ཕྲའི་འབག་བཙོག་ཐེབས་ནས་གནད་དོན་ཡོད་པའི་ཐོན་རྫས་འགའ་ཤས་ཚུར་བསྡུ་བྱས་པ་དང་། འགག་སྒོ་སྤྱི་ཁྱབ་ཧྲུའུ་ཡིས་འཛད་སྤྱོད་པར་འབྲེལ་ཡོད་ཐོན་རྫས་མི་སྤྱོད་པའི་དྲན་སྐུལ་བྱས་ཡོད།

        ཁྲོག་ལེ་ལ་ཅིའི་ཕྱིར་ཧྲ་མོན་ཧྲི་འབུ་ཕྲ་ཡི་འབག་བཙོག་ཐེབས་པ་རེད། དུས་རྒྱུན་འཚོ་བའི་ཁྲོད་དུ་ཟས་ལ་ཧྲ་མོན་ཧྲི་འབུ་ཕྲ་འགོས་ཡོད་མེད་ཇི་ལྟར་འབྱེད་དགོས། ཤེས་བྱ་འདི་དག་ཁྱེད་རང་གིས་ཤེས་དགོས།

གཅིག། ཁྲོག་ལེ་ལ་ཅིའི་ཕྱིར་ཧྲ་མོན་ཧྲི་འབུ་ཕྲ་ཡི་འབག་བཙོག་ཐེབས་པ་རེད།

        ཁྲོག་ལེའི་ནང་དུ་མངར་ཆ་མང་པོ་འདུས་ཤིང་དེ་བཟོ་བའི་བརྒྱུད་རིམ་ཧ་ཅང་མང་བ་དང་སྐྱེ་དངོས་ཕྲ་རབ་ཀྱིས་འབག་བཙོག་ཐེབས་ཉེན་ཡོད། ལྷག་པར་དུ་ཧྲ་མོན་ཧྲི་ཡི་འབག་བཙོག་ཐེབས་ཉེན་ཡོད་པ་རེད། ཧྲ་མོན་ཧྲི་ནི་ཚང་མར་ཆ་རྒྱུས་ཡོད་པའི་ཟས་ཁུངས་རང་བཞིན་གྱི་ནད་གཞི་ཞིག་ཡིན་ལ། ཤ་སྒོང་འོ་གསུམ་གྱི་ཁྲོད་རྒྱུན་དུ་མཐོང་རྒྱུ་ཡོད། ཁྲོག་ལེ་ཡི་མ་བཅོས་རྒྱུ་ཆའི་འོ་རྩམ་ལ་ཧྲ་མོན་ཧྲི་འབུ་ཕྲ་གནས་པས་དེ་ལས་འབག་བཙོག་ཐེབས་སྲིད་པ་ཡིན།

        གཞན་ཡང་། ཁྲོག་ལེའི་ནང་དུ་འདུས་པའི་སྣུམ་ཚིལ་གྱིས་ཧྲ་མོན་ཧྲི་འབུ་ཕྲ་དེ་ཕོ་སྐྱུར་གྱིས་གསོད་མི་ཐུབ་པ་དང་། འབག་བཙོག་ཐེབས་པའི་ཁྲོག་ལེ་ཟོས་ན་ཟས་དུག་ཕོག་སླ་བ་རེད།

གཉིས། ཟས་རིགས་ལ་ཧྲ་མོན་ཧྲི་ཡིས་འབག་བཙོག་ཐེབས་ཡོད་མེད་ཇི་ལྟར་དབྱེ་འབྱེད་བྱ་དགོས། དེ་ཟོས་རྗེས་ནད་རྟགས་གང་དག་ཡོད་དམ།

        སྤྱིར་བཏང་རུལ་ཞིང་ངོ་བོ་འགྱུར་བ་དང་དྲི་ངན་བྲོ་བ་ནི་ཟས་རིགས་ལ་སྐྱེ་དངོས་ཕྲ་རབ་ཀྱི་འབག་བཙོག་ཐེབས་པའི་དབྱེ་འབྱེད་བྱེད་ཐབས་ཤིག་ཡིན་མོད། འོན་ཀྱང་ཧྲ་མོན་ཧྲི་འབུ་ཕྲའི་སྐྱེ་འཕེལ་གོ་རིམ་ཁྲོད་སྤྲི་དཀར་གྱི་གྲུབ་ཆ་དབྱེ་ཕྲལ་མ་བྱས་པར། ཚོད་ལྟ་ཁང་གི་གསོ་སྐྱོང་དང་ཞིབ་དཔྱད་ཚད་ལེན་མིན་པའི་གནས་ཚུལ་འོག། མང་ཚོགས་ཀྱིས་ཟས་རིགས་ལ་ཧྲ་མོན་ཧྲི་ཡི་འབག་བཙོག་ཐེབས་མིན་དབྱེ་འབྱེད་བྱེད་དཀའ། ཧྲ་མོན་ཧྲི་འབུ་ཕྲ་ཡིས་འབག་བཙོག་ཐེབས་པའི་ཟས་རིགས་ཟོས་རྗེས་ཟས་དུག་ཕོག་ཚད་ཧ་ཅང་མཐོ་བས། ཧྲ་མོན་ཧྲི་འབུ་ཕྲ་ནི་འཛམ་གླིང་གི་རྒྱལ་ཁབ་སོ་སོས་ཚོད་འཛིན་བྱེད་པའི་ཟས་ཁུངས་རང་བཞིན་གྱི་ནད་གཞི་ཞིག་ཏུ་གྱུར་ཡོད། ཧྲ་མོན་ཧྲི་འབུ་ཕྲ་མིའི་ལུས་པོའི་ནང་སིལ་འཛུལ་བྱས་རྗེས། རྒྱུ་མའི་ནང་དུ་རྒྱུད་སྤེལ་ཆེན་པོ་བྱེད་ཅིང་རྨེན་བུའི་མ་ལག་བརྒྱུད་ནས་ཁྲག་གི་ནང་དུ་འཛུལ་སྲིད། དུག་ཕོག་པའི་ནད་རྟགས་གཙོ་བོ་ནི་མྱུར་བའི་རང་བཞིན་གྱི་ཕོ་བའི་གཉན་ཚད་ཡིན་ལ། གལ་ཏེ་ཕྲ་སྲིན་ལ་དུག་ཕོག་ན། དབང་རྩའི་མ་ལག་གི་ནད་རྟགས་འབྱུང་ཞིང་། ལུས་དྲོད་རྒྱས་པ་དང་རྩ་འཁུམ་པའི་སྣང་ཚུལ་འབྱུང་གི་ཡོད་པ་རེད།


གསུམ། ད་རུང་ཟས་རིགས་གང་དག་ཧྲ་མོན་ཧྲི་འབུ་ཕྲ་ཡིས་འབག་བཙོག་བཟོ་སླ་བ་ཡོད།

        ཧྲ་མོན་ཧྲི་འབུ་ཕྲ་ནི་ཟས་རིགས་མང་པོའི་ཁྲོད་དུ་གནས་པ་དང་། དེའི་ནང་ཤ་རིགས་སྣ་ཚོགས་དང་། ཉ་རིགས། སྒོང་རིགས། འོ་རིགས་བཅས་མང་པོ་ཡོད།

        གཞན་ཡང་རྩི་ཤིང་གི་ལོ་མའི་ནང་དུའང་འབུ་ཕྲ་གཞན་དག་གནས་ཤིང་དེ་དག་ཧྲ་མོན་ཧྲི་འབུ་ཕྲའི་ཁོངས་སུ་གཏོགས་པ་དང་། ལྷག་པར་དུ་གྲང་ཟས་སུ་སྤྱོད་པའི་རྗེན་ཚལ་དང་། ཏིལ་ཚལ། ཞང་ཚལ། ལོ་ལེ། དག་ཅི། ལོ་ཤིང་ཚོད་དཀར། ཚོད་མ་ཨོ་ཅུས་སོགས་ལོ་མ་སྔོན་པོའི་སྔོ་ཚལ་གྱི་ཁྲོད་དུའང་འབུ་ཕྲ་གནས་ཡོད། ཀྲོ་མ་ཀྲུ་དང་། སུར་པན། རྡོ་ཀུབ་བཅས་ཀྱི་ལོ་མའི་ནང་དུ་ཧྲུའུ་ཧྲང་ཧན་ཧྲ་མོན་ཧྲི་འབུ་ཕྲ་ཡོད་སྲིད་པ་རེད།

        ཧྲ་མོན་ཧྲི་འབུ་ཕྲའི་འབག་བཙོག་སྔོན་འགོག་བྱེད་པར་ང་ཚོས་སྲོག་ཆགས་རང་བཞིན་གྱི་བཟའ་བཅའི་འབག་བཙོག་ལ་མཐོང་ཆེན་བྱེད་དགོས་པར་མ་ཟད། ད་དུང་སྔོ་ཚལ་དང་སྐྱེ་དངོས་རང་བཞིན་གྱི་བཟའ་བཅའ་གཞན་དག་གི་འབག་བཙོག་ལའང་དོགས་ཟོན་བྱ་དགོས།

        ཧྲ་མོན་ཧྲི་འབུ་ཕྲ་ཡི་ཟས་དུག་ཕོག་སྟངས་ནི་སྤྱིར་བཏང་དུ་ནད་ཁ་ནས་འཛུལ་བ་དང་འཇུ་ལམ་བརྒྱུད་ནས་འགོས་པ་ཡིན། ཧྲ་མོན་ཧྲི་འབུ་ཕྲ་ནི་ཕྱིའི་ཁོར་ཡུག་ཁྲོད་དུ་རྒྱ་ཁྱབ་ཏུ་གནས་ཐུབ་པའི་རྒྱུ་མཚན་ནི་དེར་ཉི་འོད་སོགས་ལ་འགོག་ཤུགས་ངེས་ཅན་ཞིག་ཡོད་པས་རེད། འོན་ཀྱང་། དེ་ལ་དྲོད་ཚད་མཐོ་བའི་འགོག་ཤུགས་ཅུང་ཞན། དྲོད་ཚད80°Cལ་སླེབས་དུས་གསོད་ཐུབ་པ་ཡིན།

        དེ་བས། ཧྲ་མོན་ཧྲི་འབུ་ཕྲ་ཡིས་འབག་བཙོག་མི་ཐེབས་པའི་ཆེད་དུ། ཁྱིམ་ཚང་གིས་ཟ་མ་ལས་པའི་སྐབས་སུ་གཡོས་སྦྱོར་གྱི་སྔོན་དུ་ཤ་རློན་པ་དང་། ཉ། བྱ་སྒོང་སོགས་ལ་རེག་སྐབས་ལག་པ་གཙང་མར་བཀྲུས་ནས་མུ་མཐུད་དུ་གཡོས་སྦྱོར་བྱེད་དགོས་ལ། རབ་ཡིན་ན་འཁོར་སྐྱོད་ཆུ་དང་འདག་ཆུ་སྤྱད་ནས་ལག་པ་བཀྲུ་དགོས། ཤ་རིགས་དང་སྒོ་ངའི་རིགས་རྣམས་བཙོས་རྗེས་གཞི་ནས་ཟ་དགོས་པ་དང་། གྲི་དང་། གདན་ལེབ། ཟ་ཆས་སོགས་ཚང་མ་ཆུ་ཚ་པོས་གཙང་མར་འཁྲུད་དགོས། དེ་ལས་གཞན་དོ་སྣང་བྱེད་དགོས་པ་ཞིག་ནི། དུག་སེལ་མ་བྱས་པའི་འོ་མ་བསྐོལ་ནས་འཐུང་དགོས།


བཞི། ཟས་རིགས་འདི་དག་འདེམ་པར་མཉམ་འཇོག་བྱ་དགོས་ས་ཅི་ཞིག་ཡོད།

        ཉིན་རེའི་བཟའ་བཅའ་ཉོ་བའི་ཁྲོད་དུ་ཧྲ་མོན་ཧྲི་འབུ་ཕྲས་འབག་བཙོག་མ་ཐེབས་པ་ཞིག་འདོད་པ་ནི་ཤིན་ཏུ་དཀའ། གལ་ཏེ་སྔོན་ཆད་ཧྲ་མོན་ཧྲི་འབུ་ཕྲ་ཡིས་སྦགས་བཙོག་ཐེབས་རྐྱེན་འཚོང་མི་ཆོག་པ་བྱས་པའི་ཟས་རིགས་ཉོས་མྱོང་བའམ་ཟོས་མྱོང་ན་འཇིགས་སྐྲག་སྐྱེས་མི་དགོས།

        རྒྱལ་སྤྱིའི་ཟས་རིགས་བདེ་འཇགས་བཅའ་ཁྲིམས་ལྟར་ན། རང་རྒྱལ་གྱི་ཟས་རིགས་བདེ་འཇགས་བཅའ་ཁྲིམས་ལྟར་འབག་བཙོག་ཐེབས་པའི་ཐོན་རྫས་ལ་དུས་ཐོག་ཏུ་འཚོང་མི་ཆོག་པ་བྱས་ནས་ཐག་གཅོད་བྱེད་པ་དང་། རིགས་གཅིག་པའི་ཐོན་རྫས་མཐའ་དག་ལ་འབག་བཙོག་ཐེབས་པའི་ངེས་པ་མེད།

        རྒྱུན་ཟས་ཀྱི་ཟས་རིགས་སོས་པ་ཉོ་སྐབས། དཔེར་ན། ཤ་སྒོང་འོ་གསུམ་སོགས་དང་ལྷག་པར་དུ་སྒོ་ང་ཡིན་ཚེ་ངེས་པར་དུ“སོས་པ་ནི་མཆོག་ཡིན་”ཞེས་པ་དེ་སེམས་ལ་ངེས་དགོས་པ་ལས“རང་བྱུང་སྒོ་ང་”སོགས་ཀྱི་གཡོ་ཐབས་སླུ་བྲིད་འོག་ཚུད་མི་རུང་།


        འཕྲོད་བསྟེན་ལྟ་སྐུལ་དོ་དམ་ལྡན་པ་དང་འདབ་ཆགས་ཀྱི་རིམས་ནད་ལ་འགོག་ཟོན་བྱེད་པའི་ཐབས་ལམ་ཡོད་པའི་གཞི་ཁྱོན་ཅན་གྱི་བྱ་གསོ་ར་བའི་སྒོ་ང་འདེམས་པ། དེ་བཞིན་ཉོས་པའི་སྒོ་ང་འཁྱགས་སྒམ་དུ་བཞག་ནས་ཉར་ཚགས་བྱེད་དགོས་པ་ལས། གས་ཆག་ཤོར་བའི་སྒོ་ང་ཉོ་མི་རུང་། གལ་ཏེ་སྣང་ཆུང་ཤོར་ནས་གས་ཆག་ཤོར་བའི་སྒོ་ང་ཉོས་ན། ངེས་པར་དུ་ཡོངས་སུ་བཙོས་རྗེས་ད་གཟོད་བཟའ་དགོས།།