དབེན་གནས་མཆོག་གྱུར་བཀྲ་ཤིས་ཆོས་འཕེལ་གླིང་།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-05-10   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།



དྲ་དཔོན་ཧོ་ཞོ།

        ཧོར་དགོན་པའི་བཅར་འདྲི་མཇུག་རྫོགས་རྗེས། བཀྲ་ཤིས་ཆོས་འཕེལ་གླིང་ནི་ང་ཚོ་བཅར་འདྲིར་འགྲོ་སའི་དམིགས་ཡུལ་རྗེས་མ་དེ་ཡིན།   གུང་ཟས་ཟོས་རྗེས་ང་ཚོ་ལམ་སང་འཇོལ་ཡན་མེན་ཤང་ནས་ལམ་ལ་ཆས་ཏེ་བཀྲ་ཤིས་ཆོས་འཕེལ་གླིང་གི་ཕྱོགས་སུ་བསྐྱོད་པ་ཡིན།འཇོལ་རྫོང་ན་དགེ་ལུགས་དང་རྙིང་མ།  བཀའ་བརྒྱུད་གྲུབ་མཐའི་དགོན་པ་མང་དུ་མཆིས་ཤིང་། དེ་དག་རེ་རེ་ལ་ཡང་རང་རང་གི་ཁྱད་ཆོས་དང་རིག་གནས་ཀྱི་རྨང་མཐུག་པོ་ཡོད་ཅིང་།   བཀྲ་ཤིས་ཆོས་འཕེལ་གླིང་འདི་ནི་ཀརྨ་བཀའ་བརྒྱུད་པའི་དགོན་སྡེ་ཞིག་ཡིན་ལ།  རང་བྱུང་སྣོད་བཅུད་ཀྱི་བཀོད་པ་ཚར་དུ་དངར་བའི་གནས་ཚུལ་ཡང་གོ་ཐོས་བྱུང་བས་སྤྲོ་སྣང་དང་མཚར་སྣང་གི་ངང་ནས་གནས་འདིར་བསྐྱོད་པའི་མགོ་བརྩམས་པ་ཡིན།   

གདོད་མའི་ནགས་ཚལ་གྱི་འདབས་ན་བརྗིད་པའི་འདུ་ཁང་།

        ང་ཚོ་རི་གཟར་ལུང་ཀྱོག་བརྒྱུད་ནས་དགོན་པའི་ཕྱོགས་སུ་ཆས་ཤིང་།  དགོན་པའི་འདབས་ན་བདེ་གཤེགས་མཆོད་རྟེན་བརྒྱད་བཞེངས་ནས་གྲལ་འགྲིག་ཅིང་བརྗིད་ཉམས་ལྡན། དགོན་པའི་སྒོ་ཁར་ཐོན་དུས་དགེ་འདུན་ཀརྨ་ཆོས་ལྡན་གཙོ་བྱས་པའི་གྲྭ་བ་འགས་ཕྱག་ཏུ་ཁ་བཏགས་བཟུང་ནས་ང་ཚོ་ལ་སྒུག་ཡོད་ཅིང་བསུ་མ་བྱས།  སྒོ་ཆེན་ནས་འཛུལ་མ་ཐག་ཐོག་ཁང་སུམ་བརྩེགས་ཅན་ཞིག་མིག་ལམ་དུ་མངོན་ཡོང་ཞིང་གཅིག་ཐོག་ནས་སུམ་ཐོག་བར་སྣེ་ལེན་ཁང་དང་ཚོགས་ཁང་ཡིན་ལ། དཔེ་མཛོད་ཁང་བཅས་བཀོད་སྒྲིག་བྱས་ཡོད།  ཐང་ཆེན་དུ་གྲྭ་བ་སོགས་རྒྱུན་སྤྱོད་ཀྱི་རླངས་འཁོར་དང་འཕྲུལ་རྟ་གྲལ་བསྒྲིགས་ནས་བཞག་ཡོད།   དེའི་གཡས་ཕྱོགས་ན་བོད་ལུགས་བཟོ་རྩལ་གྱི་མཛེས་པ་གཅིག་ཏུ་སྤུངས་ནས་བཞེངས་པའི་འདུ་ཁང་ཆེན་མོ་དེ་བརྗིད་ཉམས་དང་ལྡན་པར་གནས་ཡོད་ཅིང་གསེར་མདོག་གིས་བྲིས་པའི་བཀྲ་ཤིས་ཆོས་འཕེལ་གླིང་གི་སྒོ་བྱང་འདུ་ཁང་གི་སྒོ་ཆེན་དུ་བཀལ་ཡོད།   

དགོན་འདབས་ཀྱི་མཆོད་རྟེན།

        འདུ་ཁང་ནང་དུ་བཀའ་བརྒྱུད་པའི་སྐུ་གསུང་ཐུགས་རྟེན་སྣ་ཚོགས་བཞེངས་ནས་ཚོན་གྱི་འོད་མདངས་རེ་རེས་མིག་དབང་འཕྲོག་ཅིང་།  མར་རྒྱན་སྣ་ཚོགས་ཀྱང་བཤམས་ཡོད།   འདུ་ཁང་ནས་ཕྱིར་ཐོན་ན་གཡོན་དུ་ཉི་གློག་གི་གློག་སྡོང་རེ་རེ་གང་སར་བཙུགས་ཡོད་ཅིང་མཚན་མོའི་དུས་སུ་འགྲོ་འོང་བྱེད་ཀྱང་སྟབས་བདེ་བསྐྲུན་ཡོད།   གཡས་ན་གྲྭ་ཤག་རེ་རེ་མུ་བསྒྲིགས་ནས་བཞེངས་ཡོད་ཅིང་།   ཤིང་ཁང་རྐྱང་རྐྱང་ལས་བཟོས་པའི་གྲྭ་ཤག་དེ་ཕལ་ཆེར་ཉིས་ཐོག་ཅན་དུ་བཞེངས་ཡོད་ལ།  འགྲུལ་ཁང་དང་ཐབ་ཚང་།   དཔེ་གཟིགས་ཁང་བཅས་ཆ་ཚང་འཛོམས་ཡོད་པ་མ་ཟད།   དགོན་པའི་རྒྱབ་ནི་གདོད་མའི་ནགས་ཚལ་གྱིས་ཡོངས་སུ་བསྐོར་ནས་སྔོ་བསང་ནམ་མཁའི་འོག་ན་ལྗང་མདོག་གི་ཚོན་རིས་དེ་ལྷག་པར་མིག་ལ་མཛེས་ཤིང་།   ཕྱོགས་གང་ལ་བལྟས་ཀྱང་ཁ་བའི་རྡུལ་མང་བརྩེགས་པའི་གངས་རི་དང་རྫ་རི་སྤང་རི་ལ་སོགས་པ་ཅི་དགར་མཐོང་ཐུབ་པས་ངེས་པ་དོན་གྱི་ཉམས་དགའི་གནས་མཆོག་ཅིག་ཏུ་བསྔགས། 

དགོན་འདབས་ཀྱི་ཁམ་བུའི་མེ་ཏོག་ཁྲོད་ཀྱི་གྲོང་གསེབ།

    བཀྲ་ཤིས་ཆོས་འཕེལ་གླིང་ནི་འཇོལ་རྫོང་ཁོངས་ནང་གི་ཀརྨ་བརྒྱུད་པའི་དགོན་སྡེ་གཅིག་པུ་དེ་ཡིན། ཀརྨ་པ་སྐུ་ཕྲེང་བཅུ་བ་ཆོས་དབྱིངས་རྡོ་རྗེས་རེ་སྐུལ་འོག་འཇང་རྒྱལ་བོ་བསོད་ནམས་རབ་བརྟན་གྱིས་མ་དངུལ་བཏང་སྟེ་བཞེངས་ཤིང་འཇང་དགོན་ཁག13གྱི་གྲས་ཡིན།སྤྱི་ལོ1618ལོར་བཞེངས་མགོ་བརྩམས་ཤིང་ཀརྨ་པ་སྐུ་ཕྲེང་བཅུ་བས་དགོན་པའི་མིང་ལ་བཀྲ་ཤིས་ཆོས་འཕེལ་གླིང་ཞེས་བཏགས།   དགོན་པ་བཙུགས་ཚུན་ནས་བླ་སྤྲུལ་ཡང་སྲིད་ཀྱི་ལོ་རྒྱུས་བྱུང་མེད། དུས་ཡུན་རིང་བོའི་འཕེལ་རྒྱས་བརྒྱུད་ནས་སྤྱི་ལོ1949ལོའི་དུས་སུ་འདུ་ཁང་ཆེན་མོ1དང་གྲྭ་ཤག12   གྲྭ་བ30ཡོད།   1957ལོའི་དུས་སུ་གྲྭ་བ20ལྷག་ལ་འཕར་ཡོད།  རིག་གསར་སྐབས་ཉམས་ཀྱང་སྤྱི་ལོ1987ལོའི་རྗེས་སུ་སྤྱི་ཚོགས་ཡོངས་ནས་མ་དངུལ་བསྡུས་ཏེ་རིམ་བཞིན་བསྐྱར་འཛུགས་གནང་ཞིང་།   ད་ལྟའི་དུས་ལ་འདུ་ཁང་ཆེན་མོ་དང་ཚོགས་ཁང་དང་སྣེ་ལེན་ཁང་།  དཔེ་ཁང་སོགས་རྒྱས་པ་ཡོད་ཅིང་།   གྲྭ་བ50ལྷག་ཡོད།    

གྲྭ་བ་ཀརྨ་ཆོས་ལྡན་གྱིས་བཅར་འདྲི་དང་ལེན་བྱེད་བཞིན་པ།

    རྒན་ཀརྨ་ཆོས་ལྡན་ལགས་ཀྱིས་ངོ་སྤྲོད་བྱས་པ་ལྟར་ན།  སྔར་གྱི་དུས་ནས་བཀྲ་ཤིས་ཆོས་འཕེལ་གླིང་ནི་ཀརྨ་བཀའ་བརྒྱུད་པའི་དགོན་པ་ཞིག་ཡིན་ལ།    རིག་གནས་སྐབས་ཉམས་ཀྱང་རྗེས་སུ་རང་རེའི་བདེ་ཆེན་ཁུལ་དང་འཇོལ་རྫོང་མི་དམངས་སྲིད་གཞུང་དང་།ས་གནས་མང་ཚོགས་ཀྱི་རོགས་རམ་ལ་བརྟེན་ནས་བསྐྱར་འཛུགས་གནང་ཐུབ་པ་བྱུང་ཡོད།    ང་ཚོའི་དགོན་པ་ནི་གནའ་སྔ་མ་ནས་ད་ལྟའི་བར་དུ་མཐུན་སྒྲིལ་ཡོད་པ་དང་འཆམ་མཐུན་ལྡན་པའི་དགོན་པ་ཞིག་ཡིན།   དགོན་པའི་འདུལ་ཁྲིམས་ནང་དུའང་རྒྱལ་ཁབ་ཀྱི་སྒྲིག་ཁྲིམས་བརྩི་སྲུང་དང་།   ཆོས་ཀྱི་གནས་ལུགས་ཤེས་དགོས་པའི་བསླབ་བྱ་ཡོད།    འདིར་གྲྭ་བ་མང་པོ་མེད་པས་ཕྱོགས་གང་ཅིའི་རྒྱབ་སྐྱོར་ཐོབ་པར་རྒྱལ་ཁབ་ཀྱི་བཀའ་དྲིན་ཤིན་ཏུ་ཆེ་ཞིང་དེང་སང་གྲྭ་ཤག་ཡིན་ནའང་རྒྱལ་ཁབ་ཀྱི་རོགས་རམ་འོག་དགའ་དགའ་སྐྱིད་སྐྱིད་ངང་འདུག་ཆོག་པ་རེད།  

དགོན་པའི་ཕྱོགས་སུ་བསྐྱོད་པའི་གཞུང་ལམ། 

        མ་འོངས་པ་ཡིན་ནའང་གྲྭ་བ་ཚང་མ་རྒྱལ་གཅེས་ཆོས་གཅེས་ཀྱི་བྱེད་སྒོ་ནང་ཞུགས་ནས་གྲྭ་བ་ཞིག་གི་འཁུར་འོས་པའི་འགན་འཁུར་དག་རེ་རེ་བཞིན་ལག་བསྟར་ཡག་པོ་བྱེད་ཐུབ་པའི་ཡིད་ཆེས་ཟབ་མོ་ཡོད་ཅེས་གསུངས།   ད་ལྟ་ཡིན་ན་དགོན་པའི་འགྲོ་ལམ་བདེ་ཞིང་གྲྭ་བའི་འཚོ་བའི་ཐད་ལའང་འགྱུར་ལྡོག་བྱུང་ཡོད་དེ།   ཚན་རྩལ་དྲ་རྒྱ་སོགས་ཡོངས་ཁྱབ་ཏུ་དར་བ་ལ་བརྟེན་ནས་སྟོད་ཀྱི་རི་གྲོང་ནས་ཀྱང་ཚེགས་མེད་དུ་དྲ་རྒྱ་བེད་སྤྱད་ཆོག་ཅིང་།    ང་ཚོས་ཏག་ཏག་བཅར་འདྲིར་བྱེད་སྐབས་དགོན་པ་འདིའི་གྲྭ་བ་ཧོ་ཞོ་འཕྲད་ཅིང་།  ཁོང་ནི་དེང་སྐབས་ས་གནས་ཀྱི་དྲ་དཔོན་གྲགས་ཆེ་བ་ཞིག་ཏུ་གྱུར་ཡོད། ཁོང་གིས་དྲ་རྒྱ་ལ་བརྟེན་ནས་དགོན་པའི་ནང་གི་འཚོ་བ་དང་རང་གི་སློབ་སྦྱོང་བྱེད་སྟངས། ཡང་ངལ་གསོའི་དུས་ལ་དགོད་ཁ་བསླངས་ནས་རྩེད་མོ་རྩེ་བའི་བརྙན་རིས་སོགས་ཕྱི་ནང་ཀུན་དུ་ཁྱབ་ཡོད།  ང་ཚོའི་འགོ་བ་པདྨ་ཚེ་རིང་གིས་དྲ་དཔོན་ཧོ་ཞོ་ལགས་ནས་གསར་འགོད་པར་ཇ་ལྡུག་ཞོར་ཁ་བརྡ་བྱེད་པའི་བརྙན་རིས་དེ་འཁྱུག་དབྱིངས་དྲ་སྟེང་དུ་བཞག་པར་ཀུན་གྱིས་དོ་སྣང་ཆེན་པོ་བྱུང་ཡོད་ཅིང་།  དེ་ལ་རྡེག་ཚད་ཁྲི15དང་།  སྐད་འཇོག་གྲངས51 གསོག་ཉར་བྱེད་ཚད50ལྷག་བྱུང་ཡོད།   ང་ཚོས་ཀྱང་དགོན་པའི་གྲྭ་བ་ཚོར་བདེ་ཆེན་བོད་ཡིག་སྨྱན་སྦྱོར་དང་སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ་སོགས་ངོ་སྤྲོད་དང་དོ་ཁུར་བྱེད་དུ་བཅུག་ནས་ཕན་ཚུན་བར་གྱི་འབྲེལ་འདྲིས་ཇེ་ཟབ་ཏུ་བཏང་བ་ཡིན།

        ལོ400ཉེ་བའི་གནའ་བོའི་དགོན་རྙིང་འདིར་བོད་ལུགས་ལོ་གསར་ནང་འབག་འཆམ་ཡོད།  བོད་ལུགས་ཟླ་དང་པོའི་ཚེས20ཉིན།  པད་འབྱུང་བཛྲ་སྟོང་སྒྲུབ་ཡོད།  ཟླ་6་པར་སྟོང་མཆོད་བཤམས་པ་སོགས་འཆད་ཉན་གྱི་སྡེ་ཤིན་ཏུ་རྒྱས་པའི་དགོན་པ་ཞིག་ཡིན་ནོ།།  

 དགོན་པའི་ཉེ་འཁོར་གྱི་གངས་རི་དང་རྫ་རིའི་མཛེས་སྡུག