ཐང་ལྷ་དགོན་དུ་བཅར་འདྲིར་བསྐྱོད་པའི་མྱོང་ཚོར།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-05-09   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

      ཐང་ལྷ་འགྲུབ་དགོན་པའི་འདུ་ཁང་ཆེན་མོ།

        འཇོལ་ཡན་མེན་ཤང་སྲིད་གཞུང་ནས་ཐང་ལྷ་གྲོང་ཚོའི་ཕྱོགས་སུ་རི་ལམ་བརྒྱུད་ནས་སྤྱི་ལེ་འགའ་སོང་ན་ཐང་ལྷ་འགྲུབ་དགོན་པ་ནི་རི་འཇོར་འཇོར་ཞིག་གི་ཟུར་ན་ཆགས་ཡོད་པ་དང་། དགོན་པའི་སྒོ་ཁར་ཐོན་དུས་འདུ་ཁང་ཆེན་མོའི་བརྗིད་ཉམས་དེ་མིག་ལམ་དུ་མངོན་ཡོང་།   ཐང་ལྷ་འགྲུབ་དགོན་པ་ནི་སྔར་གྱི་དུས་ལ་བཀའ་བརྒྱུད་པར་གཏོགས་ཤིང་ད་ལྟའི་དུས་ལ་བཀའ་རྙིང་ཟུང་འབྲེལ་གྱི་དགོན་པ་ཞིག་ཏུ་གྱུར་ཡོད། ཐང་ལྷ་འགྲུབ་བསླབ་གསུམ་འཕེལ་རྒྱས་གླིང་ལ་ཐང་ལྷ་དགོན་པ་ཞེས་ཀྱང་འབོད་ཅིང་།  ཐང་ཤིང་མང་སའི་ལ་ངོས་སུ་གནས་པས་ཐང་ལ་དང་རིམ་བཞིན་ཐང་ལྷ་ཞེས་ཀྱང་བྲིས་པ་མང་། མིང་ཆ་ཚང་ལ་རྒྱལ་བ་རིགས་ལྔ་བསླབ་གསུམ་འཕེལ་རྒྱས་གླིང་བཤད་སྒྲུབ་པདྨའི་དགའ་ཚལ་ཞེས་འབོད། དགོན་པ་བཙུགས་ནས་ད་ལྟའི་བར་དུ་མི་ལོ380ལྷག་གི་ལོ་རྒྱུས་ལྡན་ཡོད་པ་སྟེ།  དགོན་པའི་དོ་དམ་ཨུ་ལྷན་གྱི་ཀྲུའུ་རེན་མགོན་པོ་ལགས་ཀྱིས་བཤད་ན། བོད་རབ་བྱུང་བཅུ་གཅིག་པའི་ཤིང་མོ་ཕག་གི་ལོ་སྤྱི་ལོ་1635དུས་སུ་བླ་མ་གསུང་རབ་རྒྱ་མཚོས་གནས་དེའི་ཉེ་སྐོར་རུ་གཙུག་ལག་ཁང་རྟེན་དང་བརྟེན་པ་བཅས་ལེགས་པར་བཞེངས་ནས་ལོ་མང་དུ་བཞུགས་ཤིང་ཁ་བ་དཀར་པོའི་དབུས་མེ་ལོང་དགོན་སྟོད་དགོན་གཞི་གསར་དུ་བཏབ། 

གཙང་ཞིང་འོད་ཀྱི་རྒྱུ་བ་གསལ་བའི་འདུ་ཁང་ནང་རོལ། 

        སྤྱི་ལོ1821ལོར་ཀ་ཐོག་ཨོ་རྒྱན་བསྟན་འཕེལ་གྱིས་ཁམས་ཡུལ་དགོན་པ་བརྒྱ་དང་བརྒྱད་བཞེངས་པའི་འདོད་བློ་ཡོད་པ་བཞིན་སྨར་ཁམས་ནས་རོང་བཙན་ཁ་བ་དཀར་པོའི་རྒྱུད་ཀྱི་དགོན་རྙིང་ཁག་བསྐྱར་བསྐྲུན་དང་། ཏག་ཏག་ཐང་ལ་དགོན་པ་འཛུགས་ཚར་དུས་དགོན་པ་བརྒྱ་དང་བརྒྱད་བཞེངས་པ་ལེགས་འགྲུབ་བྱུང་བས་ཐང་ལྷ་འགྲུབ་ཞེས་ཀྱང་ཐོགས། ཐང་ལྷ་དགོན་པ་ནི་དགོན་པ་བརྒྱ་དང་བརྒྱད་པའི་བཞེངས་པའི་ཁྲོད་ཀྱི་དགོན་སྡེ་གཅིག་ཡིན་ཞེས་ངོ་སྤྲོད་བྱས་བྱུང་། ད་ལྟ་དགོན་པ་འདིར་གྲྭ་བ55བཞུགས་ཡོད།    ས་གནས་སྲིད་གཞུང་གི་ཆོག་མཆན་དང་སེར་སྐྱ་མང་ཚོགས་ཀྱི་རོགས་རམ་འོག་སྔར་གྱི་དགོན་རྙིང་དེ་2003ལོར་གྲོང་ཚོའི་འདབས་སུ་གནས་སྤར་ཏེ་འཛུགས་སྐྲུན་གང་ལེགས་བྱས་ནས་ད་ལྟའི་ཆར་ལ་འདུ་ཁང་དང་ཚོགས་ཁང་།  གྲྭ་ཤག   ཐབ་ཚང་བཅས་ཕྱིའི་འཛུགས་སྐྲུན་ལ་འཕེལ་རྒྱས་བྱུང་བ་དང་།    ནང་གི་བསླབ་པ་སློབ་གཉེར་གཙིགས་སུ་བཟུང་ནས་འཆད་ཉན་ཤིན་ཏུ་རྒྱས་པའི་དགོན་སྡེ་ཞིག་ཏུ་ཆགས་ཡོད།   

གྲྭ་བ་ཚོས་དགོན་པའི་ནང་དུ་སྡོང་ཕྲུག་འཛུགས་བཞིན་པ།

    སྤྱིར་ན་འཇོལ་རྫོང་གི་དགོན་པ་མང་ཆེ་ཤོས་ནི་གདོད་མའི་ནགས་ཚལ་གྱིས་ཡོངས་སུ་བསྐོར་བའི་གངས་འདབས་དང་རྫ་འདབས་ན་ཆགས་ཡོད་པས་ངོ་མཚར་སྣོད་བཅུད་ཀྱི་བཀོད་པ་བརྗོད་ལས་འདས།       ཐང་ལྷ་འགྲུབ་བསླབ་གསུམ་འཕེལ་རྒྱས་གླིང་ལ་མཚོན་ན་ཡང་གོང་ན་ཁམ་བུའི་མེ་ཏོག་རྣམ་པར་བཞད་པའི་བར་གསེང་ན་ཐང་ལྷ་གྲོང་ཚོ་ནི་སྐར་ཚོགས་ས་ལ་འཕོས་པ་ལྟར་ཆགས་ཤིང་།   དགོན་པའི་ཤར་ཕྱོགས་ན་གནས་མཆོག་ཁ་བ་དཀར་པོ། མདུན་དྲང་ནི་ཟུར་རི་རྒྱལ་བ་བྱམས་པ།   རྒྱལ་བ་བྱམས་པའི་གཡས་ཕྱོགས་དེ་ཆུ་རྡོ་ལུང་ཁྱུང་དཀར་གླིང་།  དགོན་པའི་གཡས་ཕྱོགས་ལ་གནས་མཆོག་སྨན་བཙུན་མོ།  དེའི་གཡོན་ཟུར་སྤང་སྒང་དཀར་ཅུང་བྱ་འཕྲོས།    དགོན་པའི་རྒྱབ་རི་ནི་ཐོག་ལྷ་སེངྒེ་སྤུན་གསུམ་མམ་གནས་མཆོག་གངས་དཀར་གནམ་རྫོང་།   དགོན་པའི་གཡོན་ཕྱོགས་ན་ཕྱོགས་སྲུང་སྨུགས་ལ་རི་ནག    ཡུལ་ལུང་འདིའི་གཡས་ཀྱི་གངས་རི་ལྟ་ན་སྡུག་པ་སྨན་བཙུན་མོ་དང་འདབས་ཀྱི་རྫ་ཆུ་སྔོན་མོ་གང་ཡིན་རུང་དབྱར་དགུན་སྟོན་དཔྱིད་ཀྱི་རྣམ་པ་ནི་གཅིག་ལས་གཅིག་མཛེས་པ་ལྟར་ཀུན་གྱི་བསྟོད་བསྔགས་བྱ་ཡུལ་དུ་གྱུར་ཡོད།   

     རྡོ་གཅལ་ཐོག་གི་མེ་ཏོག་སྣ་ཚོགས་དང་མདུན་གྱི་གངས་རི།

        སྔར་དགོན་འདི་ནི་གྲོང་སྟོད་ཀྱི་ནགས་ཁྲོད་དུ་ཡོད་པ་ལ། འགྲོ་ལམ་མི་བདེ་བ་དང་ཆུ་དཀོན་པ། ཀ་བ་དང་གྱང་།  འདུ་ཁང་ནང་གི་པང་གཅལ་སོགས་རུལ་བའི་རྐྱེན་བྱས་པ་ལ་བརྟེན་ནས་2003ལོར་རྒྱལ་ཁབ་ཀྱི་ཆོག་མཆོག་གནང་བ་བརྒྱུད་ཐང་ལྷ་གྲོང་སྡེའི་འདབས་རོལ་དུ་གནས་སྤར་ཞིང་ལོ3རིང་འཛུགས་སྐྲུན་བྱས་པ་བརྒྱུད་2006ལོར་འདུ་ཁང་དང་ཚོགས་ཁང་།  གྲྭ་ཤག་སོགས་རིམ་བཞིན་ལེགས་འགྲུབ་བྱུང་ནས་འཕེལ་རྒྱས་ཀྱི་གསོན་ཤུགས་གསར་བ་རྒྱས་ཡོད།  དེ་དུས་བདེ་ཆེན་ཁུལ་སྲིད་གཞུང་གིས་དགོན་པའི་གསར་བཞེངས་ཀྱི་བུ་ལོན་སྒོར་ཁྲི29ཆགས་ཡངས་སུ་བཏང་བ་དང་།   ཡང་སྒོར་ཁྲི་50གནང་ནས་འདུ་ཁང་གི་གསེར་གྱི་འདབས་གཡབ་བཞེངས་པར་རོགས་སྐྱོར་གནང་།  མ་དངུལ་སྒོར་ཁྲི64བཏང་ནས་སྣེ་ལེན་ཁང་གསར་དུ་བཞེངས་ནས་ཕྱིའི་ལྕགས་ར་ཚུན་ཆད་ལ་ས་གནས་སྲིད་གཞུང་གིས་རོགས་སྐྱོར་གནང་ཡོད། སྔོན་མ་འདུ་ཁང་ནང་ནི་སོ་ཕག་དཀར་རྩི་མ་བཏང་ཡོད་པས་ཅུང་འཁྱགས་ཤིང་གྲྭ་བའི་རྐང་ཚིགས་ན་བར་དམིགས་ནས་རྫོང་སྡོད་ཁང་འཛུགས་སྐྲུན་ཅུས་ཀྱིས་སྒོར་ཁྲི་10བཏང་ནས་ཤིང་གི་པང་གཅལ་བཏང་ནས་སྟབས་བདེར་བཟོས་ཡོད།   ང་ཚོ་འདུ་ཁང་ནང་དུ་འགྲོ་དུས་འདུ་ཁང་ནང་དུ་གསོན་ཉམས་ལྡན་པའི་སྐུ་འདྲ་དང་ཚོན་མདངས་འོད་ཀྱིས་ཕྱུག་པའི་ཐང་ག་སྣ་ཚོགས་བཞེངས་ནས་མིག་གི་དང་བ་འདྲེན་ཞིང་། འདུ་ཁང་གི་བར་སྟོང་དེ་རྒྱ་ཆེ་ཞིང་པང་གཅལ་གྱི་ཐོག་ཏུ་འོད་མདངས་འཁྱུག་འདུག་པ་མཐོང་།  ཐོག་ཚད་གསུམ་དང་ལྡན་པའི་འདུ་ཁང་ནང་དུ་ཀ་རིང་42བཙུགས་ཡོད་ཅིང་བོད་ལུགས་མཁར་རྫོང་གི་རྣམ་པའི་ལུགས་སུ་བཞེངས་ཡོད།  པཎ་ཆེན་སྐུ་ཕྲེང་བཅུ་བ་བདེ་ཆེན་དུ་ཕེབས་དུས་ཀྱི་བཞུགས་ཁྲི་དང་དར་ཁྲ་དེ་ཐང་ལ་དགོན་པར་ཉར་ཡོད། དགོན་པའི་ཞབས་ན་བདེ་ཆེན་མཆོད་རྟེན་བརྒྱད་བཞེངས་ནས་ས་དཔྱད་ལེགས་པར་བརྒྱད་ཡོད་ལ་ད་ལྟ་དགོན་པ་འདིའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ2331ཟིན་ཡོད།   

        དགོན་པ་འདིའི་ཀྲུའུ་རེན་མགོན་པོ་ལགས་ཀྱིས་ཐང་ལྷ་དགོན་པ་ནི་བཀའ་བརྒྱུད་དང་རྙིང་མ་གཉིས་འདྲེས་ཀྱི་ཁྱད་ཆོས་སྣང་བའི་དགོན་པ་ཞིག་དང་འཆམ་མཐུན་གྱི་དགོན་སྡེ་ཞིག་ཀྱང་ཡིན།  ང་ཚོ་དགེ་འདུན་པ་རྣམས་ཀྱིས་རྒྱལ་ཁབ་ཀྱི་ཁྲིམས་དང་མཐུན་ཞིང་ཡང་དམ་པའི་ཆོས་དང་མཐུན་པའི་སྒོ་ནས་ཀུན་མཐུན་གྱི་ལས་ལ་གཞོལ་བཞིན་ཡོད།  ཁོར་ཡུག་སྲུང་སྐྱོབ་ཐད་ལའང་དགོན་པའི་ཕྱི་ནང་དང་ལམ་ངོས་སོགས་སུ་གཙང་སེལ་གྱིས་2021ལོར་རྒྱལ་ཁབ་ཀྱིས་སྒོར6གི་རིན་ཐང་ཡོད་པའི་གསོམ་སྡོང་རྐང150དགོན་པར་གནང་བ་དེ་དགོན་པའི་ཉེ་འཁོར་དུ་བཙུགས་ཡོད། ཐང་ལྷ་དགོན་གསར་འཛུགས་སྐྲུན་ཐད་རྒྱལ་ཁབ་ཀྱིས་མ་དངུལ་གྱི་རོགས་སྐྱོར་གནང་ཞིང་།  ཕྱོགས་གང་དང་གང་གི་ཐད་ལའང་རྒྱལ་ཁབ་ཀྱི་རོགས་སྐྱོར་ལ་མ་བརྟེན་པ་མེད།   སྤྱིར་བཏང་གི་ཁ་རས་ཙམ་ཡིན་ན་ཡང་རྒྱལ་ཁབ་ཀྱི་རོགས་སྐྱོར་ལ་བརྟེན་དགོས་པས་རྒྱལ་ཁབ་དང་སྲིད་གཞུང་གི་བཀའ་དྲིན་ནམ་ཡང་སེམས་ལ་ཉར་ཡོད་ཟེར།

དགོན་པ་ནས་མཐོང་བའི་སྨན་བཙུན་མོ།