སྟག་མཆོང་གྲོག་རོང་རི་ལམ་གོམ་བགྲོད་ཀྱི་མཐོང་ཐོས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-05-05   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

     སེམས་ཀྱི་ཉི་ཟླ་གྲོང་ཁྱེར་སྟག་མཆོང་གྲོག་རོང་གྲོང་རྡལ་དུ་འབྲི་ཆུ་སྔོན་མོ་དྲག་ཏུ་རྒྱུག་ཅིང་རླབས་ཀྱི་ཟེགས་མ་མཁའ་ལ་འཕྱོ་བའི་ལྗོངས་ཁུལ་གྲགས་ཆེ་བ་ཞིག་ཡོད་པ་མ་ཟད།   འཛམ་གླིང་སྟེང་སྙན་གྲགས་ཆེ་བའི་རི་ལམ་གོམ་བགྲོད་ཀྱི་ལམ་ཐིག་ཞིག་ཀྱང་ཡོད་ཚུལ་ཐོས་པས།  ལྔ་གཅིག་གུང་གསེང་བེད་སྤྱད་ནས་ང་རང་ཡུལ་དེར་གོམ་བགྲོད་དུ་བསྐྱོད་པའི་ལམ་ལ་ཆས་པ་ཡིན།

རི་ལམ་གོམ་བགྲོད།

བྲག་གསེང་རྒྱུ་བ།

    ཞོགས་པའི་ཆུ་ཚོད་བརྒྱད་སྟེང་ང་རང་སེམས་ཀྱི་ཉི་ཟླ་ནས་ཆས་ཏེ་བདེ་ཆེན་སེམས་ཀྱི་ཉི་ཟླ་དཔལ་འབྱོར་གསར་སྤེལ་ཁུལ་དུ་མྱུར་བགྲོད་གཞུང་ལམ་བརྒྱུད་པ་ན་ཆུ་ཚོད་དགུ་དང་ཕྱེད་ཀའི་ཐོག་དངོས་སུ་གནས་དེར་འབྱོར་བ་དང་།   ཐད་ཀར་སྟག་མཆོང་གྲོག་རོང་ལྗོངས་ཁུལ་དུ་སོང་ནས་ཆུ་ཚོད་ཕྱེད་ཀའི་སྒེར་འཁོར་བཏང་མཐར་དོན་ལ་འཇང་ཁྱིམ་དང་རྒྱ་སྐད་ཀྱི་མིང་ལ་ནཱ་ཞིས་ཡ་གོ་ཞེས་བཏགས་ཡོད་པའི་མགྲོན་ཁང་གྲགས་ཆེ་བ་ཞིག་གི་སྒོ་ཁར་སླེབས་ཤིང་།   འདི་ནི་ཏག་ཏག་རི་ལམ་གོམ་བགྲོད་ཀྱི་མགོ་ཚུགས་ས་ཡིན་པ་ལ།   གོམ་བགྲོད་པ་འགའ་རེས་རྒྱབ་ཏུ་རྡོག་ཁྲེས་དང་ལག་གཡས་གཡོན་དུ་དབྱུག་པ་དང་ཡང་ན་པར་ཆས་བཟུང་ནས་རི་ལམ་སྙེགས་བཞིན་ཡོད་པས་ང་ཡང་དེ་དག་གི་རྗེས་འབྲངས་ནས་ཕར་བསྐྱོད་པ་ཡིན།

རི་ལམ་ནང་གི་འཇང་གྲོང་།

རི་ལམ་འོག་གི་གཞུང་ལམ།

རྒྱང་ནས་མཐོང་བའི་ལྕགས་ལམ་དང་གཞུང་ལམ།

    ལྔ་གཅིག་གི་ཉིན་མོ་འདི་ལ་ནམ་ཟླ་དེ་འདྲ་བཟང་རྒྱུ་མེད་སྟབས་རི་མགོ་ཐམས་ཅད་ལ་སྨུག་པས་ཁྱབ་ཡོད་ལ་སྦྲང་ཆར་ཟིལ་མ་ཞིག་ཀྱང་བབས་བྱུང་ནའང་གོམ་བགྲོད་པ་ཚོས་རང་བྱུང་ཁམས་དང་ཉེ་བར་བཅར་བའི་སྤྲོ་སྣང་གི་འདུན་པ་དེ་འགོག་ཐབས་མེད་ལ།  ངས་ཀྱང་སྔ་མོ་ནས་གྲ་སྒྲིག་བྱས་ཡོད་པའི་ཆར་ལྭ་མནབས་ནས་རི་ལམ་བསྙེགས།  རི་ལམ་གྱི་བར་ན་མིང་མི་ཐོགས་པའི་མེ་ཏོག་སྣ་ཚོགས་ཐགས་སུ་བཀྲ་ཞིང་།  སྔོ་ལྗང་ནགས་ཀླུང་གི་ཁྲོད་ནས་དཀྱོགས་ལམ་ཉི་ཤུ་ལྷག་བརྒྱུད་ན་རི་སྐེད་ཅིག་ཏུ་ཐོན་ཞིང་།   གནས་དེའི་ཕ་རོལ་ནི་འཇང་རི་སྨུག་པོ་ཡིན་པ་ལ། སྤྱིར་བཏང་ནམ་ཟླ་དྲོ་ན་གངས་རིའི་རྩེ་མོ་མཐོང་ཐུབ་ཅིང་།   དེའི་ཞབས་ན་འབྲི་ཆུ་སྔོན་མོ་ནི་སྦྲུལ་ནག་ཞིག་དང་འདྲ་བར་རྒྱང་རིང་གི་གནས་སུ་བཞུར་གྱི་འདུག   ཡང་གཡས་ཟུར་ན་ས་དམ་ནས་སེམས་ཀྱི་ཉི་ཟླ་བར་གྱི་ལྕགས་ལམ་དང་གཞུང་ལམ་གྱི་ཟམ་ཆེན་གཉིས་ངོ་མཚར་བའི་དེང་རབས་ཚན་རིག་གི་རྩལ་ལས་བསྐྲུན་ཡོད་པས་མཐོང་བ་ཙམ་གྱིས་སེམས་ལ་དགའ་སྣང་སྩོལ།

འཇང་རི་སྨུག་པོ།

    ལམ་བར་ནས་ང་རང་གོམ་བགྲོད་པ་མང་བོ་ཞིག་དང་འཕྲད།  ལ་ལ་ནི་འཇར་མན་ནས་ཡོང་མཁན་རེད། ཡང་ལ་ལ་ནི་ཁྲིན་ཏུའུ་དང་ཁུན་མིང་།  ས་དམ།  ཀོས་ཀྲིག   ཞང་ཀང་ནས་ཡོང་མཁན་རེད།    བདེ་ཆེན་རང་ས་ནས་ཐོན་པའི་གོམ་བགྲོད་པ་ནི་ལྟོས་བཅས་ཀྱིས་ཅུང་ཉུང་བར་སྣང་།   དེ་དག་གི་ཁྲོད་དུ་ལོ་ལྔ་ཅུ་ཡས་མས་ཀྱི་རྒན་པ་ཡོད་ལ།  ལོ་བཅོ་བརྒྱད་ཡས་མས་ཀྱི་སློབ་མའང་ཡོད་པ་མ་ཟད།  ཁྱིམ་བདག་གི་རོགས་རམ་འོག་གོམ་བགྲོད་བྱེད་པའི་ལོ་བརྒྱད་ཅན་གྱི་བུ་མོ་ཆུང་ཆུག་ཞིག་ཀྱང་འདུག    ཡང་མཐོ་སྒང་གི་ས་ཆུ་མ་འཕྲོད་པ་དང་དཀའ་སྡུག་མ་བཟོད་པར་ཕྱིར་ལོག་པའི་མི་སྣའང་རེ་འགའ་འདུག་ལ་རི་ལམ་གྱི་ཀྱག་ཀྱོག་ལ་འཛེམ་ནས་རྟ་ལ་ཞོན་ཏེ་བསྐྱོད་མཁན་ཡང་མཆིས།   

གོམ་བགྲོད་པ་ཚོས་མཛེས་ལྗོངས་པར་དུ་ལེན་པ།

 རི་ལམ་གྱི་རྦབ་ཆུ།

    རི་ལམ་ནས་དེད་ནས་སོང་ན་མཚམས་རེར་འཇང་གྲོང་གི་དུད་ཁ་འགར་འཕྲད་ཐུབ་པ་དང་འཇང་མི་ཚོས་ཞིང་ནང་ན་སོ་ནམ་གྱི་ལས་ལ་བྲེལ་བའི་རྣམ་པ་མཐོང་ཐུབ།  རི་ལམ་གྱི་ཕར་ཁའི་འཇང་རི་སྨུག་པོ་དེ་སྨུག་སྤྲིན་གྱི་ཀློང་ན་བརྗིད་ཆགས་ཅིང་།  རླུང་གི་རྒྱུ་བ་དང་བསྟུན་ནས་མཚམས་རེར་བང་རིམ་རེ་རེ་མངོན་ཡོང་བ་དང་།  ཡང་མཚམས་རེར་རྫ་རི་དང་ནགས་རིའི་བར་གྱི་དཀར་མདོག་གི་ཁ་བ་རྣམས་མིག་ལམ་དུ་མངོན་ཡོང་།  ཡང་མཚམས་རེར་རྫ་ཤུལ་དག་ན་རྦབ་ཆུ་ཆེ་ཆུང་མི་འདྲ་བ་དུ་མ་དྲག་ཏུ་འབབ་པའི་རྣམ་པའང་མཐོང་ཐུབ་པས།  རེས་གསལ་རེས་མོག་གི་མཐོང་སྣང་དེ་ནི་སྙན་ངག་མཁན་པོའམ་ཡང་ན་ཚོར་བ་སྐྱེན་པའི་སྒྱུ་རྩལ་པ་ཞིག་ལ་མཚོན་ན་གོ་སྐབས་ཤིན་ཏུ་རྩ་ཆེན་པོར་མཐོང་ཡང་།  བདག་ལ་མཚོན་ན་ཧ་ལས་ནས་ཆར་བའི་ཤག་སྒྲ་མ་ཚོར་བའི་འདུ་ཤེས་ཙམ་ལས་སེམས་འགྱུ་གཞན་མ་བྱུང་། 

རི་ལམ་གྱི་འཇང་གྲོང་། 

    ཕྱི་དྲོའི་ཆུ་ཚོད་དྲུག་པར་ཇ་རྟ་མགྲོན་ཁང་ཞེས་པར་སླེབས་པ་དང་།  གོམ་བགྲོད་ལ་མ་བྱང་བའི་མི་རྣམས་ལ་མཚོན་ན་གནས་འདི་ནི་ཞག་འདུག་བྱེད་ས་ཡག་ཤོས་དེ་ཆགས་ཀྱི་ཡོད།   ང་དང་ཁུན་མིང་ནས་སླེབས་པའི་ན་གཞོན་དགེ་རྒན་ཞིག་དང་།   ཡང་ཀོས་ཀྲིག་ནས་ཕེབས་པའི་ན་གཞོན་རྩལ་སྦྱོང་བ་གསུམ་གྱིས་གྲོགས་བསྒྲིགས་ནས།  རི་ལམ་དང་རྫ་ལམ།  ནགས་ལམ་བརྒྱུད་དེ་ཆུ་ཚོད་དྲུག་དང་ཕྱེད་ཀའི་ཐོག་ལམ་ཕྱེད་མགྲོན་ཁང་ཞེས་པ་སྟེ་དབྱིན་སྐད་དུ་Half wayཟེར་སར་སླེབས་ནས་ཉིན་དང་པོའི་གོམ་བགྲོད་མཇུག་རྫོགས་ཏེ་ངལ་གསོས་པ་ཡིན།  ལམ་ཕྱེད་མགྲོན་ཁང་གི་སྦྱིན་བདག་དང་ཁ་བརྡ་བྱེད་དུས།   ཁོང་གིས་བཤད་ན་ལམ་ཐིག་འདིར་ཡོང་མཁན་གཙོ་བོ་ནི་ཕྱི་གླིང་བ་ཡིན་པ་དང་།    ཉེ་བའི་ལོ་གཉིས་ཀྱི་རིང་ལ་རང་རྒྱལ་གྱི་གོམ་བགྲོད་པ་མངོན་གསལ་གྱིས་ཇེ་མང་དུ་སོང་ཡོད།    ཁོང་གིས་མགྲོན་ཁང་འདི་གཉེར་ནས་ལོ་ངོ་སུམ་ཅུ་འགོར་བ་དང་།   སྔར་གྱི་ཁང་མིག་ཆུང་ཆུང་ཞིག་ནས་ད་ལྟའི་བར་ལ་མགྲོན་ཁང་དང་ཟ་ཁང་གཉིས་འཛོམས་སུ་འཕེལ་རྒྱས་བྱུང་ཡོད།    དེ་རིང་མགྲོན་ཁང་འདིར་ཞག་སྡོད་བྱེད་པའི་གོམ་བགྲོད་པ80ལྷག་ཡོད་ཟེར།  

  ལམ་ཕྱེད་མགྲོན་ཁང་ནང་གི་གོམ་བགྲོད་པ།

    ཐེངས་འདིའི་རི་ལམ་གོམ་བགྲོད་ཁྲོད་རང་བྱུང་ཁོར་ཡུག་གི་མཛེས་པས་ང་ལ་བདེ་སྣང་སྩལ་བ་ལས་གཞན་ང་རང་ཆེས་སེམས་འགུལ་ཐེབས་པ་གཉིས་ནི།  ཁུན་མིང་དང་ཀོས་ཀྲིག་ནས་ཕེབས་པའི་ན་གཞོན་གཉིས་ཀྱི་ཁོར་སྲུང་གི་འདུ་ཤེས་དེ་ཡིན་ཞིང་།   ཁོང་གཉིས་ཀྱིས་ཞོར་ཟས་བཏུམ་བྱེད་ཀྱི་འགྱིག་ཤོག་དང་།  ཐ་ན་གཙང་ཤོག་ཙམ་ཡིན་ཡང་ས་ལ་མི་འདོར་བར་ཁུག་མའི་ནང་དུ་བཅུག་ནས་གད་སྙིགས་བླུགས་སའི་སྒམ་མཐོང་དུས་ད་གཟོད་རེ་རེ་བཞིན་བླངས་ནས་དེ་དག་ཀྱང་རིམ་པ་བགར་ཏེ་འཇོག་པ་རེད།  གཞན་ཞིག་ནི་ལོ་ན་བརྒྱད་ལ་སོན་པའི་བུ་མོ་ཆུང་ཆུང་ཞིག་ཡིན་ལ། སྤྱིར་ན་རི་ལམ་གཟར་ཞིང་ཀྱག་ཀྱོག་མང་བ་དང་།   མི་དར་མ་ཞིག་ཡིན་རུང་བགྲོད་དཀའ་ན་ཡང་ཕ་མའི་རོགས་སྐྱོར་འོག་ཉིན་གཉིས་རིང་གི་གོམ་བགྲོད་ལེགས་འགྲུབ་བྱུང་བ་དེ་རེད།   བུ་མོ་ཆུང་ཆུང་འདིས་རྐང་བའི་ན་ཟུག་མང་པོ་ཞིག་མྱངས་ཡོད་ནའང་ཡུལ་དངོས་ནས་མཐོང་བའི་མཛེས་ལྗོངས་དང་མྱོང་ཚོར་ནི་སུས་ཀྱང་ཚབ་བྱེད་མི་རུང་བ་ཞིག་ཡིན་ལ།   ལམ་ཐག་ཧྲིལ་བོར་བུ་མོ་ཆུང་ཆུང་དེའི་གདོང་ལ་མཚར་སྣང་དང་དགའ་སྣང་བཅས་ཀྱིས་ཡོངས་སུ་ཁེངས་འདུག  

ཉེ་འཁོར་གྱི་ཡུལ་ལྗོངས། 

    རི་ལམ་གྱི་བར་ཐམས་ཅད་སྔོ་ལྗང་ནགས་ཚལ་གྱིས་ཡོངས་སུ་ཁེངས་ཡོད་པ་དང་།    འཇང་གྲོང་གི་དུད་ཁ་རེ་རེ་སྔོ་ལྗང་གི་ནགས་ཀློང་ན་མུ་ཏིག་བསྟར་ལ་བརྒྱུས་པ་བཞིན་ཆགས་ཡོད།  ལམ་བར་གྱི་མཛེས་པ་རེ་རེས་ངའི་ཡིད་སེམས་རྨང་ནས་བཀུག  ཕྱིར་ལོག་པའི་ཐང་ཞིག་ཏུ་འཇང་རིགས་སྐྱེས་མ་ཞིག་གིས་ནས་བརྔ་བའི་རྣམ་པ་མཐོང་བས་ངས་ཀྱང་རང་དབང་མེད་པར་ངའི་གཅེས་སུ་འོས་པའི་ཕ་ཡུལ་སྟེ།  རེབ་གོང་གསེར་མོ་ལྗོངས་ཀྱི་དབྱར་ཟླ་དྲུག་པའི་དུས་ཚིགས་སུ་བྱམས་ལྡན་མ་ལོས་ནས་ཞིང་འབྲེག་པའི་སྣང་བརྙན་དང་།   བུ་ཕྲུག་ཚོས་ནས་ཤོག་བསྒྲིལ་ནས་སྟོན་ལས་བྱེད་པའི་རྣམ་པ་དེ་ཡིད་ལ་ཅིག་ཅར་དུ་འཁོར་ཡོང་བ་དང་།    ངལ་རྩོལ་ལ་དགའ་བའི་མི་རྣམས་ནི་ཇི་འདྲའི་རླབས་ཆེ་བ་ཞིག་རེད་ཨང་སྙམ་བཞིན་སེམས་ཀྱི་ཉི་ཟླར་ཕྱིར་ལོག་པ་ཡིན།  

འཇང་ཁྱིམ་གྱི་མ་རྨོས་ལོ་ཏོག

སྟག་མཆོང་གྲོག་རོང་ཉེ་འཁོར་གྱི་ནས་ཞིང་།