གཏན་འབེབས་གསར་པ་འདི་དག་དེ་རིང་ནས་ལག་བསྟར་བྱ་རྒྱུ་རེད་འདུག

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-05-01   རྩོམ་ཁུངས།    ཀྲུང་དབྱང་བོད་སྐད་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

    འཕྲུལ་སྒུལ་འཁོར་རིགས་ཐོ་འགོད་སྔར་ལས་སྟབས་བདེ་བ་དང་། གློག་རྡུལ་ཐ་མག་གི་དོ་དམ་སྔར་བས་ནན་དུ་གཏོང་རྒྱུ། ལས་རིགས་སློབ་གསོའི་སློབ་མའི་སློབ་རིམ་སྤོར་རྒྱུ་དང་ལས་ཞུགས་བྱ་རྒྱུར་འགན་ལེན་སྔར་ལས་ལྷག་པ་བྱ་རྒྱུ་སོགས་ཀྱི་གཏན་འབེབས་གསར་པ་ཁག་གཅིག་སྤྱི་ཟླ་5པ་ནས་བཟུང་ལག་བསྟར་བྱ་རྒྱུ་ཡིན་པ་དང་། གཏན་འབེབས་འདི་ཚོ་ང་ཚོའི་འཚོ་བ་དང་འབྲེལ་བ་དམ་ཟབ་ཡོད། 

       སྒེར་གྱི་རླངས་འཁོར་གསར་པར་ཨང་རྟགས་སྒར་སྐབས་ཞིབ་བཤེར་བྱེད་མི་དགོས་པ།

       སྤྱི་བདེ་པུས་གསར་དུ་བཟོ་བཅོས་བརྒྱབ་པའི་《འཕྲུལ་སྒུལ་འཁོར་རིགས་ཐོ་འགོད་གཏན་འབེབས》དེ་སྤྱི་ཟླ་5པའི་ཚེས་1ཉིན་བཟུང་ལག་བསྟར་བྱ་རྒྱུ་རེད།

       ད་ཐེངས་བཟོ་བཅོས་བརྒྱབ་པའི་ནང་འཕྲུལ་སྒུལ་འཁོར་རིགས་ཀྱི་ཐོ་འགོད་ལམ་ལུགས་སྔར་བས་བསྒྱུར་བཅོས་དང་འཐུས་སྒོ་ཚང་དུ་བཏང་ནས་འཕྲུལ་སྒུལ་འཁོར་རིགས་ཐོ་འགོད་ལ་སྟབས་བདེ་བསྐྲུན་པའི་བྱ་ཐབས་གསར་པ་ཁག་ལྔ་བཏོན་ཡོད། གཅིག་ནི་སྒེར་གྱི་རླངས་འཁོར་གསར་པར་ཨང་རྟགས་སྒར་སྐབས་ཞིབ་བཤེར་བྱེད་མི་དགོས་པ། གཉིས་ནི་འགྲུལ་སྐྱེལ་རླངས་འཁོར་ཆུང་གྲས་ཐོ་འགོད་བྱེད་སྐབས་རྒྱལ་ཡོངས་སུ་ལག་ཁྱེར་གཅིག་གིས་འགྲོ་ལུགས་ཆ་ཚང་གཉེར་ཐུབ་པ། གསུམ་ནི་རླངས་འཁོར་གྱི་ཆ་འཕྲིན་ལ་འགྱུར་ལྡོག་གཏོང་སྐབས་ཞིང་ཆེན་བརྒལ་ནས་འགྲོ་ལུགས་གཉེར་ཆོག་པ། བཞི་ནི་རེ་ཞུའི་དཔྱད་ཡིག་དང་ཡིག་ཚགས་གློག་རྡུལ་ཅན་དུ་འགྱུར་རྒྱུ། ལྔ་ནི་ཚན་པའི་ཆ་འཕྲིན་རྣམས་དྲ་སྦྲེལ་མཉམ་སྤྱོད་ཐོག་ཞིབ་དཔྱད་ཐུབ་པ་བྱ་རྒྱུ་བཅས་རེད་འདུག

       མི་བེད་སྤྱོད་ཚན་པས་ལས་རིགས་སློབ་གྲྭའི་སློབ་ཐོན་སློབ་མར་ལས་ཞུགས་སྒོ་ཐེམ་བཟོ་མི་ཆོག་པ།

       སྤྱི་ཟླ་5པའི་ཚེས་1ཉིན་ནས་བཟུང་། གསར་དུ་བཟོ་བཅོས་བརྒྱབ་པའི་《ལས་རིགས་སློབ་གསོའི་བཅའ་ཁྲིམས》ལག་བསྟར་བྱ་རྒྱུ་དང་། བཅའ་ཁྲིམས་དེའི་ནང་ཁྲིམས་ལུགས་ཀྱི་རྣམ་པའི་ཐོག་ནས་ལས་རིགས་སློབ་གསོ་དང་སྤྱིར་བཏང་སློབ་གསོ་གཉིས་ཀྱི་གནས་བབ་གལ་ཆེ་མཉམ་ཡིན་པ་གཏན་འཁེལ་བྱས་ཡོད། 

       ད་ཐེངས་བཟོ་བཅོས་བརྒྱབ་པའི་ནང་། ལས་རིགས་སློབ་གྲྭའི་སློབ་མར་སློབ་རིམ་སྤོར་རྒྱུ་དང་ལས་ཞུགས་སོགས་ཀྱི་ཐད་རིམ་པ་གཅིག་པའི་སྤྱིར་བཏང་སློབ་གྲྭའི་སློབ་མ་དང་འདྲ་མཉམ་གྱི་གོ་སྐབས་ལོངས་སུ་སྤྱོད་རྒྱུ་ཡོད་པ་དང་། ལག་རྩལ་དང་རྩལ་ནུས་ལྡན་པའི་ཤེས་ལྡན་མི་སྣའི་སྤྱི་ཚོགས་ཐོག་གི་གནས་བབ་དང་ཐོབ་ཆ་མཐོ་རུ་གཏོང་རྒྱུ། མི་བེད་སྤྱོད་ཚན་པས་ལས་རིགས་སློབ་གྲྭ་ནས་ཐོན་པའི་སློབ་མ་འདྲ་མཉམ་ངང་ལས་ཞུགས་དང་གཞུང་དྲང་འགྲན་རྩོད་བྱེད་པའི་ཡིག་རྒྱུགས་ནང་ཞུགས་པ་དང་། བསྡུ་བ། གདན་ཞུ་བྱེད་པ་སོགས་ལ་འགོག་རྐྱེན་བཟོ་བའི་ཆ་རྐྱེན་འདོན་མི་ཆོག་པ། ལས་ཁུངས་དང་བྱ་གཞག་ཚན་པ། གཞུང་ཁོངས་ཁེ་ལས་བཅས་ཀྱིས་ལག་རྩལ་དང་རྩལ་ནུས་ལས་གནས་ཀྱི་མི་སྣ་བསྡུ་བའི་སྐབས་སུ་ལག་རྩལ་དང་རྩལ་ནུས་ཀྱི་རེ་བ་གསལ་པོ་བཏོན་ཏེ། ལག་རྩལ་དང་རྩལ་ནུས་ཀྱི་ཆུ་ཚད་དེ་མི་བསྡུ་བའི་ཆ་རྐྱེན་གལ་ཆེན་དུ་བརྩི་དགོས་པ། བྱ་གཞག་ཚན་པས་ཡོངས་བསྒྲགས་ཐོག་མི་བསྡུ་བའི་ཁྲོད་དུ་ལས་རིགས་རྩལ་ནུས་ཀྱི་བང་རིམ་བླང་བྱ་ཡོད་པའི་ལས་གནས་ཡོད་ཚེ། སློབ་གཉེར་བརྒྱུད་རིམ་གྱི་རེ་བ་འོས་འཚམ་ངང་དམའ་རུ་གཏོང་ཆོག་པ་བཅས་ཁ་གསལ་བཟོས་ཡོད།

       ཤིང་འབྲས་ཀྱི་བྲོ་བའི་ལྡན་པའི་གློག་རྡུལ་ཐ་མག་བཙོང་མི་ཆོག་པ་བཟོ་རྒྱུ།

       རྒྱལ་ཁབ་རྡོ་ཐ་ཆེད་ཚོང་ཅུས་ཀྱིས་ཡོངས་བསྒྲགས་བྱས་པའི་《གློག་རྡུལ་ཐ་མག་གི་དོ་དམ་བྱ་ཐབས》དེ་སྤྱི་ཟླ་5པའི་ཚེས་1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་ཡིན་པ་དང་། རྡོ་ཐའི་བྲོ་བ་ཕུད་པའི་བྲོ་བ་གཞན་བཟོས་པའི་གློག་རྡུལ་ཐ་མག་དང་རང་དགར་སྨུག་སྒྱུར་དངོས་པོ་ཁ་སྣོན་རྒྱག་པའི་གློག་རྡུལ་ཐ་མག་བྲིན་འཚོང་བྱེད་མི་ཆོག་པ་ཁ་གསལ་བཏོན་ཡོད།

       དོ་དམ་བྱ་ཐབས་ནང་དེ་དང་ཆབས་ཅིག་ཏུ། ནར་མ་སོན་པའི་མིར་གློག་རྡུལ་ཐ་མག་བཙོང་མི་ཆོག་པ་བཏོན་ཡོད། གློག་རྡུལ་ཐ་མག་བཙོང་མཁན་གྱིས་མངོན་གསལ་དོད་པའི་འཇོག་གནས་ཐོག་ནར་མ་སོན་པའི་མིར་གློག་རྡུལ་ཐ་མག་བཙོང་རྒྱུ་མིན་པའི་མཚོན་རྟགས་གསལ་པོ་བཟོ་དགོས་པ་དང་། ནར་མ་སོན་པའི་མི་ཡིན་མིན་གསལ་འབྱེད་མི་ཐུབ་ཚེ། གྲོང་མིའི་ཐོབ་ཐང་ལག་ཁྱེར་འདོན་དགོས་པའི་རེ་བ་འདོན་དགོས་པ། རང་འགུལ་དངོས་ཟོག་ཚོང་ཆས་སོགས་ནས་བྲིན་ཚོང་བྱེད་མི་ཆོག་ལ་ཐབས་ལམ་གཞན་ལ་བརྟེན་ནས་གློག་རྡུལ་ཐ་མག་གི་ཐོན་རྫས་བཙོང་མི་ཆོག་པ། སྤྱིར་བཏང་གི་སློབ་གྲྭ་འབྲིང་ཆུང་དང་། དམིགས་བསལ་སློབ་གསོའི་སློབ་གྲྭ། འབྲིང་རིམ་ལས་རིགས་སློབ་གྲྭ། ཆེད་གཉེར་སློབ་གྲྭ། བུ་བཅོལ་ཁང་བཅས་ཀྱི་ཉེ་འགྲམ་དུ་གློག་རྡུལ་ཐ་མག་བྲིན་ཚོང་བྱེད་ས་འཛུགས་མི་ཆོག་པ་བཅས་བཏོན་ཡོད།