རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-04-30   རྩོམ་ཁུངས།    མཚོ་སྔོན་བོད་ཡིག་གསར་འགྱུར།
བོད་ལ་མདོ་དབུས་ཁམས་གསུམ་གྱི་དགོན་སྡེ་དང་གྲོང་གསེབ་གང་སར་ཁྱབ་པའི་རི་མོ་གཉིས་ཡོད་པ་ནི་ཚེ་རིང་རྣམ་དྲུག་དང་མཐུན་པ་སྤུན་བཞིའི་རི་མོ་གཉིས་ཡིན། དེ་གཉིས་ཀྱིས་བོད་ཀྱི་ཤེས་རིག་ནང་ཐོག་མ་ནས་བསྟན་ཡོད་པའི་རང་བྱུང་སྣོད་ཀྱི་ཁོར་ཡུག་དང་སྤྱི་ཚོགས་ཁོར་ཡུག་གི་དཔལ་ཡོན་མཚོན་ཞིང་། གང་སར་ཁྱབ་པས་དེའི་ཕྱོགས་ཀྱི་སློབ་གསོ་དར་ཁྱབ་ཆེ་བ་རྟོགས་ནུས། གཤམ་དུ་གླེང་བར་བྱ་བ་ནི་ཚེ་རིང་རྣམ་དྲུག་རི་མོའི་མཚོན་དོན་ཡིན།
ཚེ་རིང་རྣམ་དྲུག
བྲག་ཚེ་རིང་དང་། ཆུ་ཚེ་རིང་། ཤིང་ཚེ་རིང་། བྱ་ཚེ་རིང་། རི་དྭགས་ཚེ་རིང་། མི་ཚེ་རིང་བཅས་ལ་ཚེ་རིང་རྣམ་དྲུག་ཟེར་བ་དང་། བྲག་ཚེ་རིང་ན་ཆུ་ཚེ་རིང་། ཆུ་ཚེ་རིང་ན་ཤིང་། ཤིང་ཚེ་རིང་ན་བྱ། བྱ་ཚེ་རིང་ན་རི་དྭགས། དེ་དང་དེ་དག་ཚེ་རིང་ན་ངང་ངམ་ཤུགས་ཀྱིས་མི་ཡང་ཚེ་རིང་བར་འགྱུར་བ་དང་། དེའི་ནང་ནས་ལྕགས་ཀྱི་བུ་ཆུ་ཡིན་ཞེས་པ་ལྟར། སྐྱེ་དངོས་དང་ཚེ་སྲོག་ཡོད་རྒུའི་འབྱུང་གནས་དམ་པ་ཆུའི་འབྱུང་ཁུངས་བྲག་རྡོ་སྟེ། བྲག་རྡོས་གསེར་དངུལ་ཟངས་ལྕགས་སོགས་གཏེར་རྡོའི་རིགས་མཚོན་པ་དང་། ཡན་ལག་བརྒྱད་ལྡན་གྱི་ཆུའི་འབྱུང་རྩ་དེ་དག་ལ་རག་ལས་པས་ན། གཅིག་ལ་གཅིག་བརྟེན་ཡོད་པ་དང་། གཅིག་བདེ་ན་ཅིག་ཤོས་བདེ་བ་དང་། གཅིག་མ་བདེ་ན་ཅིག་ཤོས་ཀྱང་མི་བདེ་བ་ནི་འགྱེལ་བས་འགྱེལ་བ་ལ་བརྟེན་པའི་ཚུལ་བཞིན་དུ་ངེས་པས། གནས་ལུགས་དེའམ་སྐྱེ་ཁམས་ཁོར་ཡུག་མཚོན་བྱེད་རྨད་དུ་བྱུང་བ་ནི་ཚེ་རིང་རྣམ་དྲུག་གི་རི་མོའོ། །