རྫ་ཆུའི་འགྲམ་རྒྱུད་ན་གནས་པའི་གནམ་པོ་དགོན་པར་འགྲིམས་པའི་དངོས་བྲིས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-04-25   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        གནམ་པོ་དགོན་གསར་དགའ་ལྡན་ཆོས་འཁོར་གླིང་ནི་ང་ཚོ་ཐེངས་འདིར་བཅར་འདྲི་བྱ་ཡུལ་ལས་ཆེས་ཐག་རིང་བའི་དགོན་སྡེར་གཏོགས་ཤིང་། དགོན་པ་འདི་ནི་འཇོལ་རྫོང་ཧྥོ་ཧྲན་ཤང་གི་མངའ་ཁོངས་སུ་ཡོད་ལ། བོད་ལྗོངས་སྨར་ཁམས་རྫོང་རྨོག་ཤོད་ཤང་དང་ཁ་གཏད་དུ་ཆགས་ཡོད། བཅར་འདྲི་བྱེད་པའི་གོ་རིམ་ཁྲོད་འདི་ནི་སྔར་གྱི་གནས་རི་ཞིག་ནས་ད་ལྟའི་ཆར་ལ་འཆད་ཉན་དང་འཛུགས་སྐྲུན་སོགས་ཕྱོགས་གང་ཅིར་འཕེལ་རྒྱས་བྱུང་ཡོད་པའི་དགོན་པ་ཞིག་དང་། ལྷག་པར་ད་ལྟ་དགོན་པའི་ནང་དུ་གྲྭ་བ14རྒྱུན་བཞུགས་ཡོད་ཅིང་། རྒྱལ་གཅེས་ཆོས་གཅེས་དང་དམངས་ཕན་གྱི་བྱེད་སྒོ་བླ་ལྷག་ཏུ་སྒྲུབ་བཞིན་པའི་འཆམ་མཐུན་གྱི་དགོན་སྡེ་ཞིག་ཡིན་པ་ཤེས་རྟོགས་བྱུང་། 

དགོན་པའི་སྒོ་ཆེན།

        གནམ་པོ་ས་ཆའི་དམངས་ཁྲོད་ངག་རྒྱུན་དང་རིག་གནས་གནའ་ཤུལ་ལྟར་ན། གནམ་པོ་སྤྱི་རི་ཐང་ཆོས་ལུང་དགོན་པའི་ཐོག་མའི་ལོ་རྒྱུས་དེ་ཡོན་རྒྱལ་རབས་ཀྱི་བར་དུ་འདེད་ཐུབ་པ་སྟེ། སྐབས་དེར་དགོན་པ་འདི་བཀའ་བརྒྱུད་ཀྱི་དགོན་པ་ཞིག་ཡིན་པ་དང་། མིང་ལ་གནམ་འབྲུག་དགོན་པ་ཟེར། དུས་རབས་བཅུ་བཞི་བའི་དུས་མཇུག་ཏུ་བྱང་ཆུབ་འབུམ་པས་སྤྱི་པའི་ཁོངས་སུ་གཏོགས་པའི་རི་དང་ཐང་ཞིག་ཡོད་པ་དེ་ཞལ་འདེབས་སུ་འབུལ་ནས་དགེ་ལུགས་པའི་དགོན་པ་ཞིག་བཞེངས་སུ་བཅུགས་པ་དེ་ད་ལྟའི་སྤྱི་རི་ཐང་ཆོས་ལུང་སྡེ་བཞིའི་ས་ཆ་འདི་ལ་གནམ་པོ་དགོན་གསར་དགའ་ལྡན་ཆོས་འཁོར་གླིང་ཞེས་བཏགས་ཡོད་པ་འདི་ཉིད་ཡིན། 1990ལོར། གནམ་པོ་གྲོང་སྡེའི་དགེ་བསྙེན་ཚུལ་ཁྲིམས་བཟང་པོས་སྣེ་ཁྲིད་དེ་སྤྱི་རི་ཐང་ཆོས་ལུང་དགོན་བསྐྱར་སྐྲུན་བྱས་པ་དང་། སྐབས་དེར་དཔལ་འབྱོར་གྱི་ཆ་རྐྱེན་གྱི་དབང་གིས་དགོན་པ་ཆུང་ངུ་ཞིག་ལས་བཞེངས་ཐུབ་མེད། 

དགོན་པའི་ནང་དུ་ཉར་བའི་གསུང་རབ།

        2004 ལོ་ནས་བཟུང་ཧྥོ་ཧྲན་གནམ་པོ་དགོན་གསར་དགོན་པར་མིག་སྔར་ཁྱོན་བསྡོམས་གྲྭ་པ14ཡོད་པ་དང་། ཆོ་ག་ཕྱག་ལེན་དང་། འཛུགས་སྐྲུན་སོགས་གང་ཅིའི་ཐད་ལ་རིམ་བཞིན་དར་རྒྱས་སུ་བྱུང་ཡོད། དགོན་པའི་དོ་དམ་ཨུ་ལྷན་གྱི་ཀྲུའུ་རེན་བློ་བཟང་ཉི་མར་བཅར་འདྲིར་བྱེད་དུས། ཁོང་གིས་འདིར་བཞུགས་པའི་གྲྭ་བ་རྣམས་ནི་དགེ་ལུགས་པའི་གྲྭ་པ་ཡིན་ལ། ཚུལ་ཁྲིམས་གཙང་ཞིང་དགེ་ལྡན་ལྟ་གྲུབ་གཙང་མ་འཛིན་སྐྱོང་བྱེད་པ་དང་། རྒྱལ་གཅེས་ཆོས་གཅེས། རྒྱལ་ཁྲིམས་བརྩི་སྲུང་། ས་གནས་ཀྱི་བརྟན་ལྷིང་སྲུང་སྐྱོང་དང་། སངས་རྒྱས་བསྟན་པའི་བྱ་བཞག་ལ་ནུས་པ་འགངས་ཆེན་ཐོན་བཞིན་ཡོད། གོང་རིམ་པ་སྲིད་གཞུང་གིས་རྒྱབ་སྐྱོར་འོག་དགོན་པ་ནང་ལ་ཆོས་ལུགས་བྱེད་སྒོ་རབ་དང་རིམ་པ་ཞིག་སྤེལ་བ་དང་། མི་དམངས་ནང་ལའང་ཆོས་ལུགས་བྱེད་སྒོ་ཆེ་ཆུང་གང་འདྲ་ཞིག་སྤེལ་ཀྱང་དགོན་པ་གཞན་དང་འདྲ་བ་ཡོད། དེར་བརྟེན་ང་ཚོས་རྒྱལ་ཁབ་ཀྱི་རྩ་ཁྲིམས་ལ་སྲུང་སྐྱོང་དང་། སྲོག་ཤིང་ལ་བརྩི་བཀུར་དང་། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན། མེས་རྒྱལ་གོང་བུ་གཅིག་གྱུར་ལ་སྲུང་སྐྱོང་། ཀྲུང་གོའི་དུས་རབས་གསར་པའི་ཁྱད་ཆོས་དང་མཐུན་པའི་སྒོ་ནས་རྒྱལ་གཅེས་ཆོས་གཅེས་ཀྱི་མི་སྣ་བཟང་པོ་ཞིག་བྱས་ཏེ་ཆོས་ལུགས་ཀྱི་ཆོ་ག་དང་ཕྱག་བཞེས་ཉམས་ལེན་བྱེད་པ་དང་། འཆམ་མཐུན་གྱི་ཆོས་ལུགས་བྱེད་སྒོ་སྤེལ་གནས་ཀྱི་དཔལ་རི་བོ་དགེ་ལྡན་པའི་ལྟ་གྲུབ་གཙང་མ་སྐྱོང་མཁན་གྱི་དགོན་པ་ཞིག་ཡིན་ཟེར།  

གསར་དུ་བཟོས་པའི་གྲྭ་ཤག

    སྤྱི་ལོ2008ལོ་ནས་བཟུང་ལོ12ཀྱི་རིང་ལ་ཁུལ་སྲིད་གཞུང་དང་ཁུལ་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ། རྫོང་སྲིད་གཞུང་བཅས་ཀྱི་རྒྱབ་སྐྱོར་འོག་དགོན་པར་ཆུ་རྫིང་བཟོ་བ་དང་།  འཆམ་རྭ།  སྒོ་ཆེན། གྲྭ་ཤག་བཟོས་ནས་སྲིད་ཇུས་དང་མ་དངུལ་ཀྱི་རྒྱབ་སྐྱོར་རོགས་རམ་གནང་བའི་བཀའ་དྲིན་ལ་བརྟེན་ནས་ད་ལྟ་གནམ་པོ་དགོན་གསར་གྱི་གྲྭ་ཤག་དང་ཁོར་ཡུག་གང་ཅིའི་ཐད་ལ་འཕེལ་རྒྱས་ཡག་པོ་བྱུང་ཡོད། 

གྲྭ་ཤག་གི་བར་ན་ཡོད་པའི་ལུས་འཁྲུད་ཁང་།

    གྲྭ་བ་འཇམ་དཔལ་ལགས་ཀྱིས་བཤད་ན། སྔོན་མ་ཡིན་ན་ཆ་རྐྱེན་ཞན་པས་དགོན་པའི་འདུ་ཁང་ནས་སློབ་གཉེར་བྱས་ཚར་དུས་པང་གཅལ་ཐོག་ཐད་ཀར་དུ་ཉལ་ནས་ཞག་འདུག་བྱེད་དགོས་པའི་དུས་ཀྱང་བྱུང་ལ། ད་ལྟ་རང་གི་གྲྭ་ཤག་ཁོ་ནར་མཚོན་ན་ཡང་ན་འགྲུལ་ཁང་དང་ཐབ་ཚང་། གཟིམ་ཁང་། མཆོད་ཁང་བཅས་འདུས་པའི་ཁོད་ཡངས་པའི་གྲྭ་ཤག་འཛུགས་སྐྲུན་བྱས་ནས་སྡོད་བདེ་ཞིང་གྲལ་དག་ལ། བར་མཚམས་རེ་རེར་ལུས་པོ་འཁྲུད་ས་དང་གཙང་སྤྱོད་ཁང་ཡང་བསྐྲུན་ནས་སྟབས་བདེ་བཟོས་ཡོད་པ་མ་ཟད། གྲྭ་ཤག་གི་ཐང་དུ་རླངས་འཁོར་འཇོག་ས་ཡང་བཟོས་ཡོད་པས་འགྲོ་འོང་ལ་ཕན་བདེ་བསྐྲུན་ཡོད་ཟེར། 

འདུ་ཁང་དང་ཉལ་ས་གཉིས་ཀ་ཡིན་པའི་སྔོན་མའི་འདུ་ཁང་།

        2009ལོར་རྫོང་སྲིད་གཞུང་གིས་ཐབ་ཚང་དང་ཁྲོན་པ་བཟོ་བར་སྒོར་ཁྲི་25ཡི་རོགས་སྐྱོར་གནང་། 2015ལོར་རྫོང་སྲིད་གཞུང་གིས་སྒོ་ཆེན་དང་དགོན་སྡེ་བསྐྲུན་པར་སྒོར་ཁྲི་25ཡི་རོགས་སྐྱོར་གནང་། 2016ལོར་རྫོང་ཆུ་གློག་ཅུས་ཀྱིས་དགོན་སྡེའི་འཐུང་ཆུའི་ཐད་རིང་ཚད་ལ་སྤྱི་ལེ་ཕྱེད་ཙམ་ཡོད་པའི་ཆུ་མདོང་ཆེ་ཆུང་མི་འདྲ་བ་གསུམ་བཟོས་ནས་རོགས་སྐྱོར་གནང་། 2016ལོ་ནས2019ལོར་བར་དུ་ཁུལ་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡིས་གྲྭ་ཤག་འཛུགས་སྐྲུན་ཐད་མ་དངུལ་སྒོར་ཁྲི400ཡི་རོགས་སྐྱོར་གནང་ཡོད། ད་ལྟའི་ཆར་གནམ་པོ་གྲོང་ཚོ་ནས་དགོན་པའི་སྒོ་ཆེན་བར་གྱི་ལམ་གཞུང་དུ་སྣུམ་ལམ་བླུགས་ནས་འགྲོ་འོང་སྟབས་བདེ་ཞིང་འགྲིམ་འགྲུལ་ཐད་ལའང་སྔ་དང་མ་འདྲ་བའི་འཕེལ་རྒྱས་བྱུང་ཡོད་པ་རེད།  

རླངས་འཁོར་འཇོག་ས།

        གནམ་པོ་དགོན་པ་དང་ཉེ་འཁོར་གྲོང་མི་སྤྱི་ནས་རང་བྱུང་ཁོར་ཡུག་སྲུང་སྐྱོང་ལ་ལྷག་པར་གཅེས་སྐྱོང་གནང་ཡོད་པ་སྟེ། གནའ་སྔ་མ་ཡིན་ན་ནགས་པོའི་ཡུལ་མི་ཚོས་རྒྱུན་དུ་རི་རྩེར་ཤིང་གཅོད་པ་དང་། རི་དྭགས་རྔོན་པར་འགྲོ་གི་ཡོད་པས་བླ་མ་བྱང་ཆུབ་འབུམ་པ་རི་མགོར་མཚམས་སུ་བཞུགས་སྐབས་གནས་ཚུལ་འདི་མིག་གིས་མཐོང་ནས་ཁོང་ཚོར་ཆོས་ཕྱོགས་ཀྱི་གནས་ལུགས་དང་བསླབ་བྱ་རབ་དང་རིམ་པ་གནང་བས་ཡུལ་དེའི་སྐྱེ་བོ་དག་གིས་ཁོངས་ལ་དད་གུས་ཐོབ་པ་དང་ཁོང་གིས་ཡུལ་མི་ཚོར་སྲོག་གཅོད་སྤོང་པའི་སྡོམ་པ་དང་རི་དྭགས་མི་རྔོན་ཅིང་གསར་སྐྱེས་ཀྱི་ཤིང་མི་གཅོད་པའི་དམ་བཅའ་བྱེད་བཅུག་པ་རྣམས་ཡུལ་མི་ཚོས་དང་ལེན་བྱེད་པར་དཀའ་མོད། སློབ་དཔོན་གྱིས་ཁྱོད་ཚོས་ངས་བཤད་པར་ཉན་ན་ལོ་ལྔའི་ནང་ཁྱོད་ཚོའི་འཚོ་བ་དང་ཁོར་ཡུག་ཇེ་བཟང་དུ་མ་ཕྱིན་ན་ངས་བཤད་པ་དེ་རྫུན་གཏམ་དུ་རྩིས་ནས་ཁྱོད་ཚོ་སྔ་རྒྱུན་བཞིན་སྲོག་གཅོད་པ་དང་ཤིང་གཅོད་པ་སོགས་གང་འདོད་གྱིས་ཤིག་བཅས་གསུང་པས། ཡུལ་མི་ཚང་མ་དགོན་པ་རྙིང་པའི་སར་འདུས་ནས་ཁས་ལེན་མནའ་སྐྱེལ་བྱས་ནས་སྲོལ་བཟང་བོ་ཆགས་ཡོད།  

གྲིམ་འགྲུལ་ཉེན་རྟོག་པ་དང་དགོན་པའི་གྲྭ་བས་མཉམ་དུ་འཆམ་མཐུན་གྱི་དགོན་པའི་འཛུགས་སྐྲུན་ལ་གྲོས་བསྡུར་བྱས།

    ད་ལྟའི་དུས་ལའང་དགོན་པ་སྤྱི་ནས་གནམ་པོ་སྟོད་སྨད་བར་གསུམ་གྱི་དུད་ཁ200ཡི་དད་ལྡན་མང་ཚོགས་870ཉེ་བ་ལ་ཡ་རབས་ཀུན་མཐུན་བྱེད་དགོས་པའི་ཁ་བརྡ་སློབ་གསོ་བཏང་བ་བརྒྱུད་ནས་ཉེ་འཁོར་གྲོང་མི་རྣམས་ཀྱིས་ཉ་འཛིན་པ་དང་ཤིང་གཅོད་པ། རི་དྭགས་རྔོན་པའི་གནས་ཚུལ་བྱུང་མེད། གནམ་པོ་དགོན་པའི་འདབས་རོལ་ནི་རྫ་ཆུ་སྔོན་མོ་དལ་གྱིས་བཞུར་བའི་གནས་ཡིན་ཞིང་། འདིའི་ནང་དུ་གསེར་ཉ་ལ་སོགས་པའི་ཉ་རིགས་མང་ཞིང་། དགོན་པའི་གྲྭ་བ་དང་མང་ཚོགས་ཚོས་མ་གྲོས་གཅིག་མཐུན་གྱི་སྒོ་ནས་ཉ་རྒྱ་ལེན་པ་དང་། བྱེ་རྡོ་མི་བརྐོ་བ། གཙང་འགྲམ་དུ་ཤིང་ཕུང་འཛུགས་པ་སོགས་ཀྱི་བྱེད་ཐབས་བརྒྱུད་ནས་མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་སྲུང་ཡོལ་དུ་གྱུར་བའི་རྫ་ཆུའི་བཞུར་རྒྱུད་ལ་སྲུང་སྐྱོང་གང་ལེགས་བྱེད་དང་བྱེད་བཞིན་པ་ལགས་སོ། 

ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་100འཁོར་བར་རྟེན་འབྲེལ་ཞུ་བ།

དགོན་པའི་གྲྭ་བའི་ཡིག་གཟུགས་བརྩམས་ཆོས།

དགོན་པའི་གྲྭ་བས་རྫ་ཆུ་ཁ་ལ་ཤིང་ཕུང་བཙུགས་པ།