བྲག་ཞབས་ཤང་དུ་ཐོན་ལས་འཕེལ་རྒྱས་བྱུང་།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-04-21   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།


    ཉེ་བའི་ལོ་འདི་དག་རིང་ཀོ་མོན་རུང་གྲོང་ཚོས་མཁས་ཕྱོགས་དང་ཞན་ཕྱོགས་ཀྱི་བསམ་ཕྱོགས་གཞིར་བཟུང་སྟེ་ཁྱད་ལྡན་འདེབས་འཛུགས་དང་ནགས་འདབས་ཐོན་རྫས་སོགས་ལེགས་ལྡན་ཐོན་ལས་འཕེལ་རྒྱས་བཏང་ནས། ཀྲུང་ལུགས་སྨན་རྒྱུ་དང་སྦྲང་རྩི། དབྱར་རྩྭ་དགུན་འབུ། བཟའ་བྱའི་ཤ་མོ་སོགས་རི་མཐོའི་ཞིང་ལས་ཐོན་རྫས་རིགས་མང་པོ་འཕེལ་རྒྱས་བཏང་ཞིང་། གྲོང་ཚོའི་ཐུན་མོང་དཔལ་འབྱོར་སྟོབས་ཆེ་དང་། ཁྱད་ལྡན་ཐོན་ལས་ཕྱོགས་ཡོངས་ནས་འཕེལ་རྒྱས་བྱུང་བས་གྲོང་ཚོ་ཁག་གི་མང་ཚོགས་ཀྱི་དངུལ་ཁུག་ཇེ་མཐུག་ཏུ་སོང་ལ། གྲོང་གསེབ་ཀྱི་དཔལ་འབྱོར་འཕེལ་རྒྱས་ལའང་སྔར་བྱུང་མ་མྱོང་བའི་གསོན་ཤུགས་རྒྱས་པ་རེད།

    གྲོང་མི་དོན་གྲུབ་ཚེ་རིང་གི་སྦྲང་གསོ་ར་བའི་སྦྲང་སྒམ་150ལྷག་ཙམ་སྟག་མའི་མེ་ཏོག་བཞད་པའི་རི་འདབས་སུ་བཞག་ཡོད་ལ། ཁོང་གིས་སྦྲང་མ་གསོ་བར་ངེས་པར་དུ་ཞིང་ས་དང་རྒྱང་ཐག་རིང་དུ་གཏོང་དགོས་ཏེ། ཞིང་སྨན་དང་རྫས་ལུད་བེད་སྤྱོད་བྱས་པའི་ཞིང་སས་སྦྲང་མའི་ཐོན་སྐྱེད་ལ་ཤུགས་རྐྱེན་ཐེབས་ནས་སྦྲང་རྩིའི་ཐོན་ཚད་དང་སྤུས་ཚད་ཞན་དུ་འགྲོ་སྲིད་ཅེས་བཤད།  ལོ་13རིང་གི་སྦྲང་མ་གསོ་བའི་ཉམས་མྱོང་གིས་ཁོང་ཡུལ་འདིའི་ཆེད་མཁས་པར་གྱུར།


    ཀོ་མོན་རུང་གྲོང་ཚོ་ཁག་ལ་ཐོག་མཐའ་བར་གསུམ་དུ་སྦྲང་མ་གསོ་བའི་སྲོལ་རྒྱུན་ཡོད་ལ། དེ་སྔ་སྦྲང་མ་གསོ་བའི་ཆ་རྐྱེན་དང་ལག་རྩལ་ལ་ཚད་ཡོད་པ་མ་ཟད་གཏན་འཇགས་ཀྱི་ཚོང་ལམ་མེད་པས་སྦྲང་མ་གསོས་པ་ལས་བྱུང་བའི་ཡོང་འབབ་ཀྱིས་མང་ཚོགས་དབུལ་པོའི་གནས་ལས་སྒྲོལ་ཐུབ་ཀྱི་མེད། ཉེ་བའི་ལོ་ཤས་རིང་ཀོ་མོན་རུང་གྲོང་ཚོ་ཨ་ཁེ་ཏ་ཐོན་ལས་འཕེལ་རྒྱས་ཞིང་པའི་ཆེད་ལས་མཉམ་ལས་ཁང་གི་སྣེ་ཁྲིད་འོག་སྲོལ་རྒྱུན་གྱི་སྦྲང་ཟོམ་དེ་ཀྲུང་ཧྭའི་སྦྲང་སྒྲོམ་བསྒྱུར་བས། ལོ་ལྟར་སྒམ་གཅིག་ལ་སྒོར་100ཡི་རིན་གོང་ཐོག་ནས་གྲོང་མིར་སྦྲང་མ་གསོ་ཚགས་ཀྱི་ལག་རྩལ་གསོ་སྦྱོང་བྱས་པ་མ་ཟད། སྦྲང་གསོ་ཞིང་བའི་སྦྲང་རྩི་ཚང་མ་ཚུར་བསྡུ་བྱས་ཏེ་ཞིང་དུད་ཀྱི་སྦྲང་མ་གསོ་བའི་མ་གནས་དམའ་རུ་བཏང་ལ། མི་ཤུགས་གྲོན་ཆུང་བྱས་པའི་དུས་མཚུངས་སུ་ཁོང་ཚོའི་ཡོང་འབབ་ཀྱང་མཐོ་རུ་སོང་བ་རེད།

    ཀོ་མོན་རུང་གྲོང་ཚོ་ཁག་ཏུ་སྦྲང་མ་གསོ་མཁན་དུད་ཚང་90དང་སྒམ་2800ཡོད་ལ། 2021ལོར་མཉམ་ལས་ཁང་གིས་ཁྱོན་སྦྲང་རྩི་རྒྱ་མ་28000ལྷག་ཙམ་ཉོ་སྒྲུབ་བྱས་ལ་ཚང་མ་བཙོངས་ཟིན་ལ། གྲོང་ཚོ་དེ་ཡོངས་ཀྱི་སྦྲང་མ་གསོ་བའི་ཡོང་འབབ་སྒོར་ཁྲི་182ཟིན། ཀོ་མོན་རུང་གྲོང་ཚོས་ཀྱང་མ་དངུལ་སྒོར་ཁྲི་50བཏང་ནས་ས་ཁྱོན་སྨི་ངོས་གྲུ་2000ཟིན་པའི་སྨན་རྒྱུ་ལས་སྣོན་བཟོ་གྲྭ་བཙུགས་ཡོད་ལ། ཚད་ལྡན་ཅན་དང་ཚད་ལྡན་ཅན་གྱི་ཐོན་ཡུལ་ཐོག་མར་ལས་སྣོན་བྱས་པ་བརྒྱུད་སྨན་རྒྱུའི་ཚད་གཞི་དང་སྤུས་ཚད་འགན་ལེན་ནུས་ལྡན་བྱུང་ཞིང་། གྲོང་ཚོ་དེ་ཡོངས་ཀྱི་ཞིང་དུད་209ཡིས་ཧ་ལམ་དུད་ཚང་རེས་ཀྲུང་ལུགས་སྨན་རྒྱུ་འདེབས་ཀྱི་ཡོད་པ་རེད། ཁུའུ་པུའུ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན་2021ལོར་གྲོང་ཚོ་དེ་ཡོངས་སུ་ཀྲུང་ལུགས་སྨན་རྒྱུ་འདེབས་ཁྱོན་མུའུ་1940ཟིན་པ་དང་ཁྱོན་ཡོང་འབབ་སྒོར་ཁྲི་380བྱུང་ཡོད།


    2021ལོའི་ལོ་འགོ་ནས་བཟུང་ཁུའུ་པུའུ་ཏ་ལི་དང་ཡུས་ཞི། ཁུན་མིང་སོགས་སུ་རྟོག་ཞིབ་དང་སློབ་སྦྱོང་བྱེད་པར་ཐེངས་མང་བསྐྱོད་དེ་ཕྱུག་འགྱུར་གྱི་ཐབས་ལམ་སྔར་ལས་མང་བ་འཚོལ་ཞིབ་བྱས་ཤིང་། མཐར་ཞི་མོན་ཐར་གྱི་བ་གླང་རབས་བཞི་བ་ནང་འདྲེན་དང་གསོ་སྤེལ་བྱ་རྒྱུའི་ཐག་བཅད་པ་རེད། ཁུའུ་པུའུ་ཡིས་མིག་སྔར་ཀོ་མོན་རུང་གྲོང་མིས་གསོས་པའི་སྤྱིར་བཏང་གི་བ་གླང་ལོ་6ཡས་མས་སོང་རྗེས་གཞི་ནས་འཚོང་ཐུབ་ལ། རིན་གོང་ཡང་སྒོར་ཁྲི་གཅིག་ཡས་མས་ཡིན། གསོ་བའི་དུས་འཁོར་རིང་བ་དང་མ་འཇོག་མང་ལ་ཡོང་འབབ་དམའ་པོ་ཡོད་ཅེས་བཤད། མཉམ་ལས་ཁང་གིས་ཞི་མོན་ཐར་གྱི་བ་གླང་ནང་འདྲེན་བྱས་ནས་རྒྱུད་སྤེལ་བྱས་རྗེས་བེའུ་ཁྲོམ་རའི་རིན་གོང་ལས་དམའ་བའི་རིན་གོང་ཐོག་ནས་ཞིང་དུད་ལ་བཙོངས་ཏེ་གསོས་པའི་དུས་འཁོར་དུ་སླེབས་རྗེས་སླར་ཡང་མཉམ་ལས་ཁང་གིས་ཉོ་སྒྲུབ་དང་ཕྱིར་ཚོང་ལ་རོགས་རམ་བྱེད་པའི་དཔེ་དབྱིབས་སམ་ཡང་ན་ཐོན་ལས་འཕེལ་རྒྱས་ཀྱི་ལམ་བུ་གསར་པ་ཞིག་འཚོལ་ཞིབ་ཐུབ་ནས་མང་ཚོགས་ལ་ཡོང་འབབ་འཕར་རྒྱུར་སྐུལ་ཁྲིད་ཐུབ་ཡོདཔ་རེད།