རིན་པོ་ཆེ་ལས་གྲུབ་པའི་གངས་ཏི་སེ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-04-19   རྩོམ་ཁུངས།    གངས་ལྗོངས་ཉི་གཞོན།

    སྟོད་གངས་རིན་པོ་ཆེའམ་གངས་ཏི་སེ་ནི་བོད་ལྗོངས་མངའ་རིས་ས་ཁུལ་སྤུ་ཧྲེང་རྫོང་ཁོངས་སུ་ཆགས། མཚོ་འཕགས་སྨི་6638དང་། གངས་སྐོར་ཆ་ཚང་གཅིག་ལ་ཉིན་ལམ་གཉིས་དང་སྤྱི་ལེ་ལྔ་བཅུ་ང་གཉིས་ཡོད། གངས་རི་དེ་ཉིད་ཨེ་ཅིའི་གཏོར་གཟུགས་མཆོད་རྟེན་དང་། མའོ་ཤིས་ཀུའོ་ཡི་གཏོར་གཟུགས་མཆོད་རྟེན་བཅས་དང་སའི་གོ་ལའི་ངོས་ཀྱི་དྲང་ཐིག་གཅིག་ལ་དངུལ་དཀར་པོའི་མཆོད་རྟེན་དུ་མ་མཉམ་དུ་སྤུངས་པ་ལྟར་མཐའ་འཁོར་གྱི་གངས་རིའི་རང་བྱུང་མཆོད་རྟེན་ཆུང་བ་བརྒྱ་ཕྲག་དུ་མའི་དཀྱིལ་དུ་འགྱིང་ངེར་ལངས་ཤིང་འཛམ་བུ་གླིང་གི་སྲོག་ཤིང་དང་རིན་པོ་ཆེ་རུ་གྱུར་ཡོད།

    གངས་རིན་པོ་ཆེའི་མཚན་ལ་རིན་པོ་ཆེ་ཞེས་པ་ནི་ཆེ་བརྗོད་དང་སྒྲོ་འདོགས་མིན་པར་རང་བཞིན་བརྗོད་པ་སྟེ། གངས་རིའི་ཕྱོགས་བཞིར་ཆགས་པའི་ཡར་ཀླུང་གཙང་པོའི་ཆུ་འགོ་ཤར་རྟ་མཆོག་ཁ་འབབ་ལ་རིན་ཆེན་གཡུའི་གཏེར་ཁ་དང་། རྒྱ་གར་གྱི་ཆུ་བོ་གང་གཱའི་འབྱུང་ཁུངས་ལྷོ་རྨ་བྱ་ཁ་འབབ་ལ་དངུལ།   ཆུ་བོ་སིནྡྷིའི་འབྱུང་ཁུངས་ནུབ་གླང་ཆེན་ཁ་འབབ་ལ་གསེར། ཧིང་དྷུའི་ཆུ་བོ་༼སི་ཏཱ་༽ཡི་ཁུངས་བྱང་སེང་གེ་ཁ་འབབ་ལ་རྡོ་རྗེ་ཕ་ལམ་གྱི་གཏེར་ཁ་བཅས་རིན་ཆེན་སྣ་ཚོགས་འཛོམས་པས་གངས་རི་འདི་ཉིད་རིན་ཆེན་སྤུངས་པའི་བདག་ཉིད་དུ་གྱུར་ཡོད།

གཞན་ཡང་ཁ་འབབ་བཞི་སོགས་བོད་དང་རྒྱ་གར། བལ་པོ། འབར་མ། རྒྱ་ནག་སོགས་འདུས་པའི་འཛམ་གླིང་སྤྱིའི་མི་འབོར་བརྒྱ་ཆ་བཞི་བཅུ་ལྷག་གི་འཚོ་རྟེན་གྱི་འཐུང་ཆུ་ནི་གངས་རིན་པོ་ཆེ་ནས་འབབ་ཅིང་དེ་འབྲེལ་གྱི་འགྲོ་བའི་འབྱུང་ཁུངས་ཀྱང་གངས་རི་འདི་ལ་ཐུག་ཡོད།

    ཆོས་ཕྱོགས་ནས་བཤད་ན། གངས་རིན་པོ་ཆེ་ནི་བསྐལ་པ་དང་པོ་ཆགས་པའི་ལྷ་དབང་ཕྱུག་གི་བླ་རི་ཡིན་ལ། ལྷ་ཆེན་ཚངས་པ་དཀར་པོ་དང་ལྷ་ཁྱབ་འཇུག་གི་གནས་ཀྱང་ཡིན་པས་ཧིང་དྷུའི་ཆོས་ལུགས་སོགས་རྒྱ་གར་གྱི་ཆོས་ལུགས་ཁག་གི་གནས་རྩ་ཆེན་ཡིན་པ་དང་། རྒྱ་གར་གྱི་ལོ་རྒྱུས་སྙན་རྩོམ་རིང་མོ་མ་ཧཱ་བྷ་ར་ཏའི་གཏམ་རྒྱུད་ཀྱང་གངས་རི་འདིའི་འདབས་ནས་བྱུང་།  བོད་ཀྱི་གཡུང་དྲུང་བོན་གྱིས་སྟག་གཟིག་འོལ་མོ་ལུང་རིང་གི་ལྟེ་བའང་གངས་འདི་ལ་ངོས་བཟུང་། སངས་རྒྱས་ཆོས་ལུགས་པས་གངས་འདི་ཉིད་མངོན་པ་མཛོད་ནས་བཤད་པའི་གངས་རི་ཏི་སེ་ཡིན་པ་དང་ཡི་དམ་བདེ་མཆོག་གི་དཀྱིལ་འཁོར་དུ་བརྩིས། བཤད་སྲོལ་གཞན་ཞིག་ལ་སྟོན་པ་ཤཱཀྱ་ཐུབ་པ་འཁོར་དགྲ་བཅོམ་པ་ལྔ་བརྒྱ་དང་བཅས་པས་མ་རངས་བདུད་ཀྱི་གནོད་པ་འགོག་པའི་ཆེད་དུ་གངས་རིན་པོ་ཆེའི་སྐུ་དྲུང་དུ་ཕེབས་ཏེ། ཆོས་ཁྲི་བཏབ་ཅིང་བཀའ་ཆོས་གསུངས། གངས་འདིའི་ཕྱོགས་བཞིར་ཞབས་རྗེས་གཏོད་ཅིང་མི་འགྱུར་བའི་གཟེར་བཞི་བཏབ་པར་གྲགས། ཆོས་ལུགས་ཞིབ་འཇུག་པ་ཁག་ཅིག་གི་བརྩམས་ཆོས་སུ་ཡེ་ཤུ་མ་ཤི་ཀ་ཡང་གངས་འདི་ལ་ཕེབས་ཏེ་ལྷ་ཆེན་དབང་ཕྱུག་མཇལ་བས་སྙིང་རྗེ་ཆེན་པོ་འཁྲུངས་ཏེ་གྲུབ་པ་ཐོབ་པར་བཤད།

མདོར་ན། མངོན་གྱུར་གྱི་རྒྱུ་རྫས་དང་། ཉེ་མཁོ་ཡི་འཚོ་རྟེན། ལྐོག་གྱུར་གྱི་དད་མོས་སོགས་གང་ཅིར་བལྟས་ཀྱང་ལྷོ་འཛམ་བུ་གླིང་གི་སྤྱི་ནོར་གངས་རིན་པོ་ཆེ་མཆོག་ལ་དད་གུས་མོས་པ་དང་། དགའ་བ་སྲུང་སྐྱོང་མི་བྱ་བ་ཅི་ནས་སྲིད།

    ཅེས་ཁམས་པའི་བརྙན་འཕྲིན་ཁང་གི་ཟླ་བ་ཚེ་རིང་གིས་བོད་རབ་བྱུང་ལྕགས་གླང་ལོའི་རྒྱལ་ཟླའི་ཚེས་༢༥ལ་སྦྱར་བ་དགེའོ། །