མི་འཁྱམ་རབ་རྒྱས། ༼འཇམ་དཔལ་རྒྱ་མཚོ་དང་མཇལ་བ།༽

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-04-14   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།




    དུས་ནམ་ཞིག་ཡིན་པ་གསལ་བོ་དྲན་རྒྱུ་མི་འདུག ངའི་གྲོགས་པོ་རཏྣ་ཚང་བློ་བཟང་རྒྱལ་མཚན་གྱིས་གཙོས་པའི་རྒྱལ་ཁབ་ཕྱི་ནང་ལ་བཞུགས་ཡོད་པའི་འབའ་བ་འགས་འབའ་ཤེས་ལྡན་ཚོགས་པ་ཟེར་བའི་འཕྲིན་ཕྲན་ཚོགས་པ་ཞིག་བཙུགས་འདུག།ལས་དང་སྨོན་ལམ་བཟང་པོ་ཞིག་གིས་ང་རང་ཡང་ཚོགས་མིའི་གྲལ་ཏུ་བཞག་འདུག་པས་དགའ་སྤྲོ་ཆེན་པོ་བྱུང་།སྤྱིར་ང་རང་གི་ཕ་ས་ཕ་ཡུལ་ད་ལྟའི་སྲིད་འཛིན་བགོ་ལུགས་ལྟར་ན་སྡེ་རོང་རྫོང་གི་ཁུངས་སུ་ཡིན་ཡང་སྔོན་མར་འབའ་སྡེ་རང་རེད།མ་ཚད་འབའ་མི་འགྱུར་ལྷུན་འགྲུབ་རྫོང་ངམ་འབའ་མངའ་རིས་ཞིང་ཁམས་ཟེར་དུས་སྡེ་རོང་ཡང་དེའི་མངའ་འོག་སུ་ཡིན་པ་ལོ་རྒྱུས་ཀྱི་བདེན་དཔང་རབ་དང་རིམ་པ་འདུག།

    ངས་འཕྲིན་ཕྲན་ཁ་ཕྱེ་མ་ཐག་ཚོགས་པ་འདི་འདྲ་ནང་ཞུགས་ཐུབ་པ་བསོད་ནམས་རེད་བསམ་ཞོར་དུ་ཚོགས་མི་སུ་དང་གང་འདུག་ཐེངས་གཅིག་བལྟ་ཡིན།དངོས་གནས་བཤད་ན་ཚོགས་པ་འདི་ནང་མི་དྲག་བླ་ཆེན་གསེར་རི་ལྟར་བུ་མང་པོ་བཞུགས་འདུག་ཡང་དེ་གསེང་འཇམ་དཔལ་རྒྱ་མཚོ་ཟེར་བ་ལ་དོ་སྣང་ལྷག་པ་སྐྱེས།ངས་བསམ་བློ་བཞི་སུམ་བཅུ་གཉིས་བཏང་ཚར་རྗེས་སེམས་ཀྱི་བཏིང་ནས་སྤོབས་པ་གང་ཡོད་གཞི་གཅིག་ཏུ་བསྡུས་སྟེ་ཁོང་རང་གི་དྲ་གྲོགས་སུ་འགྱུར་བའི་རེ་བ་བཏོན།ཉིན་མ་གཅིག་གཉིས་རྗེས་ཀྱིས་ཁོང་གིས་དང་ལེན་གནང་སོང།དེ་ནི་ཁོང་དང་དྲ་ཐོག་ཏུ་བར་ཐག་ཇེ་ཐུང་སོང་བས།སྐབས་དེའི་དགའ་བའི་ཚོར་བ་དེ་ད་རུང་ཡིན་ཡང་བརྗེད་རྒྱུ་མི་འདུག

    བཤད་མི་ཤེས་པའི་ལས་ཟེར་བ་དེ་ངོ་མ་བདེན་པས་ང་རང་སྒེར་དོན་འགའ་ཆེད་རྒྱལ་ཐང་ལ་འགྲོ་སྐབས།དུས་རྒྱུན་ལྟར་ནགས་ཕག་མཚོ་ཁ་སླེབས་དུས་རྒན་ཁྱུང་མཁར་བཀྲ་ཤིས་དོན་འགྲུབ་དང་དགེ་རྒན་བསོད་རྡོ་གཉིས་ལ་ཁ་པར་བཏང་བ་ཡིན། ཁོང་རྣམས་གཉིས་ཀྱིས་ཀྱང་ཁ་ལག་ཞིམ་པོ་སོགས་གྲ་བསྒྲིབས་བྱས་ཏེ་ང་རང་སྒུག་འདུག།བཟའ་བཏང་ཞིམ་པོ་མཆོད་ཚར་རྗེས་ནམ་རྒྱུན་ལྟར་པི་ཝང་ཆང་ཁང་ནང་སོང་བ་ཡིན།བདུད་རྩི་ཆང་ལ་ལོངས་སུ་སྤྱོད་ཞོར་ཏུ་ང་རང་གསུམ་པོ་ཤེས་ཚད་རིག་གནས་སྐོར་དང་ངོ་ཤེས་མི་ཤེས་པའི་མི་དང་བཏུང་མྱོང་ཡོད་པའི་ཆང་སོགས་ཅི་འདོད་གང་འཇོན་སྒོ་ནས་་མང་པོ་ཤིག་གླེང་སྟེ་དུས་འདའ།མཚམས་ཤིག་ལ་རྒན་བཀྲ་ཤིས་དོན་འགྲུབ་གྱིས་ཨ་རོགས་ཁྱེད་རང་ཉིན་འགར་ཁོམ་པ་ཨེ་ཡོད།རྒན་འཇམ་དཔལ་འདི་སར་ཕེབས་ནས་འཇོལ་རྫོང་དུ་དཔའ་བོ་གེ་སར་ཞེས་པའི་དཔེ་ཆ་ཁྱབ་སྤེལ་བྱ་ས་ཡོང་རྒྱུ་ཡིན་ཟེར་སོང་། ཁོམ་པ་ཡོད་ན་ཁྱོད་རང་ཡང་མཉམ་ཏུ་འགྲོ་གསུངས་།མ་གཞི་འཇིག་རྟེན་བོད་མིའི་གཏམ་དཔེ་ལས་བོད་མི་རེ་ཁ་ནང་སྒྲུང་རེ་ཟེར་སྲོལ་ཡོད་ཀྱང་ང་རང་ལ་མཚོན་ན་གླིང་སྒྲུང་སྐོར་གྱི་མཐོང་ཐོས་ནི་་མི་མེད་ལུང་སྟོང་ནང་འགྲོ་བ་བཞིན་མིང་ཙམ་རྣ་ཐོས་ཡོད་པ་ལས་གཞན་རྒྱུས་གང་ཡང་མེད།སྔོན་མ་དགེ་རྒན་དམ་པ་ལྕང་ཞབས་འགྱུར་མེད་ཚེ་དབང་གིས་བཀའ་ནན་མོ་སྒོ་ནས་ཁྱོད་རང་བོད་སྐད་ཡང་དག་པ་བཤད་ཤེས་མི་འདུག།རྗེས་མ་གླིང་སྒྲུང་མང་པོ་ཀློག་ཟེར་བས་དགེ་རྒན་གྱི་བཀའ་མ་བཅག་ཆེད་རྟ་རྒྱུགས་ཆ་ཚང་ཞིབ་ཀློག་བྱེད་མྱོང་ཡང་ད་ལྟར་དྲིན་རྒྱུ་གང་ཡང་མི་འདུག།དེ་ཙམ་མི་ཚེ་ཧྲིལ་པོ་གེ་སར་ལས་ཀ་སྒྲུབ་པའི་གང་ཟག་གཅིག་གིས་གེ་སར་དང་དེའི་སྒྲུང་ལ་འགྲེལ་བཤདབྱ་བ་ཡུལ་དངོས་སུ་ཉན་བའི་་སྐལ་བ་འཕྲོད་བས་བརླག་མི་རུང་བསམ་བཞིན་དང་ལེན་བྱེད་པ་ཡིན།

    ཕྱི་ཉིན་གནམ་ཐང་ནས་རྒན་བསུ་ཚར་རྗེས་ཐད་ཀ་འཇོལ་རྫོང་གི་ཕྱོགས་སུ་སྐྱོད་ལམ་བར་དུ་བཀའ་འདྲི་བྱེད་བསམ་པའི་སྐད་ཆ་མང་ཡང་སྟབས་མི་བདེ་བས་འདྲི་རྒྱུ་རག་མ་སོང་ཡང་དགུང་ལོ་བརྒྱད་བཅུ་ལ་ཕེབས་པའི་རྒན་ཁོང་རང་གི་སྐུ་གཟུགས་ལ་ང་རང་ཧ་ལས་སོང་། སྨྲ་སྒོ་ནང་གི་དུང་སོ་རྣམས་ཕོ་ལོ་ཉི་ཤུ་ཟིན་མ་ཐག་གི་རང་ཉིད་ལས་དཀར་ཞིང་སྲ་བ་མཐོང་སྟེ། དེ་ཕྱོགས་ལ་དོན་མེད་ཀྱིས་ཀུ་རེ་ཡང་བྱེད་པ་ཡིན།ང་རང་ནི་འབྲི་ཆུའི་འགྲམ་གྱི་ས་གནས་སོགས་ལ་རྒྱུས་ཅུང་ཡོད་པས་ས་ཆའི་གནས་བབ་དང་ཡུལ་སྲོལ་གོམས་གཤིས། ཐོན་རྫས་དང་མི་དམངས་ཀྱི་འཚོ་བ་རིག་གནས་ཆུ་ཚད་བཅས་ངོ་སྤྲོད་ཞུ། དེ་ལྟར་རིམ་བཞིན་སྐྱོད་ནི་གནས་ཆེན་ཁ་བ་དཀར་པོ་རྒྱང་མཇལ་བྱེད་ས་ཡུལ་ལ་སླེབས་སོང་། པར་མང་པོ་ཞིང་ལེན་ནས་མུ་མཐུན་ནས་འཇོལ་ལ་དམིགས་སྟེ་ཕྱིན་ནས་སླེབས་པ་དང་།སྣེ་ལེན་མི་སྣ་ཚོར་ང་རང་ཚོར་་ཟ་ཁང་ཆེན་པོ་ཞིང་ནང་ཁྲིད། ཁ་ལག་མཆོད་ཚར་རྗེས་རྒན་གྱིས་སྙན་ངག་པ་བཀྲ་ཤིས་ཉི་མ་ལ་འཇོལ་རྫོང་ཉེ་འཁོར་ན་དགོན་པ་ཡོད་དམ་ཞེས་དྲིས་ཤིང་། བདེ་ཆེན་དུ་དགོན་ཆེན་ཡོད་རེད་ཟེར་ལེན་ཞུ་རྗེས། རྒན་གྱི་དགོན་པའི་ནང་ལྟ་སྐོར་ཁྲིད་བའི་རེ་བ་ཞུ་བ་ལྟར་ང་ཚོ་ཚང་མ་དགའ་ལྡན་བདེ་ཆེན་དགོན་ཆེན་དུ་ལྟ་སྐོར་དུ་སོང་བ་ཡིན། ལྟ་སྐོར་བྱས་ནས་འདུ་ཁང་ནང་དུ་སླེབས་དུས་པཎ་ཆེན་རིན་པོ་ཆེ་དང་རྒྱལ་ཁབ་འགོ་ཁྲིད་སོགས་མཉམ་དུ་ཡོད་པའི་པར་འགའ་མཐོང་བ་ན་ཁོས་མགོའི་དབུ་གཙུག་ཏུ་བཞག་ནས་སྨོན་ལམ་རྒྱབ་ལ། ང་ལ་དུས་ཚོད་ཟེར་བ་དེ་འདྲ་མགྱོགས་པ་ལ། པར་འདི་ལེན་སྐབས་ང་རང་ལོ་ཉི་ཤུ་ཟིན་མ་ཟིན་སྐབས་རེད་ཅེས་གསུངས། ངས་ཀྱང་རྒན་གྱིས་སྨོན་ལམ་གང་དང་གང་རྒྱབ་པ་ཡིན་འདྲི་དགོས་སྙམ་ཡང་འདྲི་བདེ་པོ་མེད་པས་དྲི་བ་རེ་རེ་བཞིན་བཞག།

    ཉིན་མ་གསུམ་རིམ་ཚོགས་འདུ་དང་འཆད་ཁྲིད་གསུངས་བཤད་སོགས་ཐེངས་མང་པོ་བྱེད་ཏེ།ང་ཚོར་དགོན་པ་སྟེང་ཞེས་མིང་ཏུ་གྲགས་པའི་ཁ་བ་དཀར་པོ་མཇལ་ཡུལ་ཡག་ཤོད་ས་ལ་ཞག་བསྡད།དགོང་མོར་རྒན་གྱི་ང་རང་ལ་ཁ་པར་བཏང་ནས་ཁོང་གི་གཟིམ་ཤག་ནང་ཤོག་ཟེར།ང་སྒོ་ཁ་སླེབས་དུས་སྒོ་ཕྱེ་ཡོད་པས་ཐད་ཀ་ནང་ལ་འཛུལ།རྒན་གྱིས་བློ་སེམས་གཅིག་སྒྲིལ་ངང་ནས་ཁ་བ་དཀར་པོའི་ཕྱོགས་སུ་ལྟར་ནས་བསྡད་འདུག།ངས་རྒན་ལགས་ང་རང་འབོད་པ་ཡིན་དམ་ཞེས་སྐད་བོས་འདྲི་དུས།ཁྱེད་འདི་ས་བསྡད་ཟེར་ཞོར་ཇ་ཕུར་གང་ཡང་གནང་ཞོར།ཁྱོད་ཀྱིས་ཉིན་མ་འདི་དག་རིང་ང་ལ་སྐད་ཆ་མང་པོ་བཤད་བསམ་ཡོད་འདུག་ཀྱང་གོ་སྐབས་ཡག་པོ་རག་མེད་པས། གང་ཡོད་ན་དེ་རིང་ངེད་གཉིས་ལས་གཞན་མེད།ཅི་དྲན་བཤད་ཞེས་སྐད་འཇམ་པོ་གསུངས།        གློ་བུར་དུ་ངས་གང་ནས་འགོ་ཚུགས་དགོས་པ་མ་ཤེས་ནས་ཁ་རོག་བསྡད་པ་ཡིན།སྐབས་དེ་དུས་རྒན་ལགས་ཀྱིས་ཁྱོད་ཀྱིས་གངས་རིའི་འདས་དོན་ནང་གི་རྩོམ་སོགས་ཀློག་མྱོང་པས།ང་ལ་ལྟ་སྟངས་གང་འདྲ་ཡོདཟེར་ནས་གཏམ་སྒོ་ཕྱེ་བྱུང་།ངས་ཆ་ཚང་ཀློག་མྱོང་ཞུ་བ་ཡིན།དེ་ནང་ནས་ལོ་རྒྱུས་དང་གཏམ་གསར་ཡང་མང་པོ་གོ་བྱུང་།སྤྱིར་རྒན་ཁྱེད་རང་ཡིན་ན་གེ་སར་རིག་གནས་ཐད་ལ་བྱས་རྗེས་བརྗོད་ཀྱིས་མི་ལོངས་བ་ཡོད་ཀྱང་། ངས་དོ་སྣང་ཆེས་མང་བ་ནི་རྒན་ཁྱེད་རང་སྤྱི་ཚོགས་གསར་རྙིང་གི་མཚམས་སུ་འཚར་ལོངས་བྱུང་ཞིང་རླབས་ཆེན་གྱི་མི་སྣ་མང་པོ་དང་ལས་གྲོགས་བྱེད་མྱོང་བ།མ་ཚད་ཚོགས་འདུ་གལ་ཆེན་མང་པོ་ནང་ཡང་ཞུགས་མྱོང་མཁན་ཡིན་ཙམ།དེ་ཡི་ཕྱོགས་ནས་ང་ཆེས་འདྲི་བསམ་པའི་དོན་དག་ཡིན།དཔེ་ན་མའོ་ཀྲུའུ་ཞི་ཡིས་ལོ་ང་དགུ་ནང་ཏུ་ཕྱེར་ཕེབས་མ་ཐུབ་ཀྱང་ལོ་དྲུག་བཅུ་ལ་ལོག་ཡོང་ཁོ་ཐག་རེད་ཟེར་བའི་རྗེས་དྲིན་གྱི་རྩོམ་ཡིག་འདི་དང་འདིར་འདྲ་བ་མང་ཙམ་བྲིས་བ་དང་ལོ་རྒྱུས་དོན་དག་གང་ཡིན་ཡང་དངོས་གནས་དྲང་གནས་བརྗོད་པ་གལ་ཆེན་ནང་གི་དོན་ཆེན་ཡིན་སྙམ་པ་སོགས་ཞུ་བ་ཡིན།ཁོང་གིས་ཡང་ནན་ཏན་སྒོ་ནས་ཁྱོད་རང་སེམས་ཁྲལ་གང་ཡང་བྱེད་དགོས་མ་རེད།རྗེས་མ་ང་ཚོར་མཉམ་ཏུ་ལས་ཀ་མང་པོ་ལས་ཆོག་རེད།ཁྱེད་རང་ལོ་ཆུང་ཡིན་པས་ལས་ཀ་གང་གི་ཐད་ནས་ཀྱང་འབད་པ་བྱ་དགོས་རེད།ཁྱོད་ཀྱིས་རེ་བ་དེ་དག་ཚོས་ང་ཚོར་རྗེས་མ་ག་ལེ་གོ་ཡོང་རེད།ངས་བྲིས་པའི་པཎ་ཆེན་སྐུ་ཕྲེང་བཅུ་བ་རྣམ་ཐར་པར་སྐྲུན་བྱས་ཉེ་ཡོད།དེ་ཞིབ་ཀློག་བགྱིས་དང་ཁོམ་དུས་པེ་ཅིན་ལ་ཡིན་གཅིག་མིན་གཉིས་ཤོག དེ་དུས་ངེད་གཉིས་སྐད་ཆ་ཞིབ་ལབ་བྱེད།ངས་བྲིས་པའི་རྩོམ་མང་པོ་ནང་སྔོན་འགྲོ་གཏམ་གྱི་ཚབ་ཏུ་བསྟོད་ཚིག་མང་པོ་ཡོད། མ་ཚད་ལོ་རྒྱུས་ཐོག་གི་གནད་དོན་གལ་ཆེན་མང་པོ་ལ་ཐག་བཅད་བྱེད་སྐབས་གསུངས་མྱོང་བའི་ལུང་གི་བདེན་དཔང་མང་པོ་ཡོད།    དེ་ཚོ་ལ་ཡག་པོ་ལྟས།བྱ་བ་གང་སྒྲུབ་ཀྱང་ཐབས་དང་དང་ཤེས་རབ་ཟུང་འདྲེས་བྱེད་དགོས་པ་གལ་ཆེ།       ཁྱེད་རང་རྗེས་མ་པི་ཅིན་ཡོང་བ་རེ་བ་ཡོད།སླར་ཡང་འཇལ་བའི་་སྨོན་ལམ་ཡོད་བཅས་གསུངས་སྟེ་་ཧ་ལམ་དུས་ཚོད་གཉིས་ལྷག་ཁ་བརྡ་མང་པོ་བྱས་ནས་འགོར་སོང་།

    ཕྱིར་རང་ཤག་ཏུ་སླེབས་དུས་མི་འཁྱམ་ང་རང་འདྲ་བ་མི་སྣ་རླབས་ཆེན་འདི་ཚོར་གྱིས་སྐད་ཆར་གོ་བ་ལེན་ག་ལ་ཐུབ་ཀྱང་། ཁོང་གི་སྨོན་ལམ་རྒྱབ་སྟངས་དང་རྗེས་མ་དལ་གྱིས་གོ་ཡོང་།ཐབས་ཤེས་གཙོ་བུ་བཟུང་།རྗེས་མ་ཞིབ་ཀྱིས་ལབ་ཟེར་བ་སོགས་གསུངས་དེ་དག་ཁྲོད་བོད་རིགས་རྒན་རབས་པ་རྣམས་ཀྱིས་ང་རང་ཚོ་ལ་བཅངས་བའི་རེ་བ་དང་ལོ་རྒྱུས་ཀྱི་འཕེལ་རིམ་ནང་ད་རུང་གསུང་བ་ག་ཚོད་ཡོད་རྒྱུ་རེད་བསམ་བཞིན་བསམ་བཞིན་གཉིད་ཀྱང་ཁུག་རྒྱུ་མི་འདུག་ལ་ཉིན་འགའི་རིང་རྒན་གྱི་གསུངས་དང་མཛད་པར་ལ་རྗེས་དྲིན་བྱས་དེ་བསྡད།