ཁམ་བུའི་མེ་ཏོག་གིས་མཛེས་པར་རྒྱན་པའི་འཇོལ་ལྕགས་ཕུགས་ཡུལ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-04-13   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ལོ་ལྟར་དཔྱིད་ཀྱི་དཔལ་ཡོན་རྣམ་པར་རྒྱས་པའི་དུས་སུ་འཇོལ་རྫོང་ཧྥོ་ཧྲན་ཤང་ལྕགས་ཕུགས་གྲོང་ཚོ་ནི་མིང་དོན་མཚུངས་པའི་ཁམ་བུའི་མེ་ཏོག་གི་གྲོང་ཚོ་ཞིག་ཏུ་འགྱུར་འདུག

  ལྕགས་ཕུགས་གྲོང་ཚོས་ལོ་གང་མང་རིང་རྨོ་འདེབས་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་བྱས་པ་དང་ད་ཆ་གྲོང་གསེབ་དར་རྒྱས་གཏོང་རྒྱུར་མུ་མཐུད་སྐུལ་འདེད་བཏང་ཡོད། ལྕགས་ཕུགས་གྲོང་ཚོས་དམིགས་བསལ་གྱི་རང་བྱུང་མཛེས་ལྗོངས་དང་སྲོལ་རྒྱུན་རིག་གནས་ལ་བརྟེན་ནས་ཁམ་བུའི་མེ་ཏོག་དང་གྲོང་གསེབ་ཡུལ་སྐོར་ཟུང་འབྲེལ་བྱས་ཏེ་ཁྱད་ལྡན་གྲོང་གསེབ་ཡུལ་སྐོར་འཕེལ་རྒྱས་ལ་ཤུགས་ཆེན་བཏང་། དེ་ཡང་མང་ཚོགས་འབབ་འཕར་ཕྱུག་འགྱུར་ཡོང་རྒྱུར་སྐུལ་ཁྲིད་བྱེད་པའི་ཁྲོད་ཕན་འབྲས་ཆེ་ཤོས་ཐོན་པ་ནི་ཁམ་བུའི་མེ་ཏོག་གི་མདའ་འཕེན་དུས་ཆེན་ཡིན་པ་རེད།

  ལྕགས་ཕུགས་གྲོང་ཚོར་ལོ་ལྟར་གྱི་ཟླ་བཞི་པའི་གཟའ་འཁོར་གཉིས་པའི་གཟའ་མཇུག་དེ་ཁམ་བུའི་མེ་ཏོག་གི་མདའ་འཕེན་དུས་ཆེན་ལ་གཏན་འཁེལ་བྱེད་ཀྱི་ཡོད། སྲོལ་རྒྱུན་གྱི་མདའ་འཕེན་ལ་དགའ་པོ་བྱེད་མཁན་དང་གཞས་ལ་དགའ་པོ་བྱེད་མཁན་ཚོས་མཉམ་དུ་འགྲན་བསྡུར་བྱེད་ཅིང་། གྲོང་མི་དང་ཕྱི་ནས་ཡོང་བའི་ཡུལ་སྐོར་བ་གནས་འདིར་འདུ་འཛོམས་བྱས་ནས་དགའ་དགའ་སྤྲོ་སྤྲོའི་ངང་དུས་ཆེན་ལ་རོལ་བ་རེད།

 དུས་ཆེན་རིང་ས་གནས་དེ་གའི་དུད་ཚང་ཚང་མས་རང་ས་གནས་ཀྱི་སྲོལ་རྒྱུན་གྱི་དཀྲུགས་ཇ་དང་།ཐུད།བྲ་བོའི་བག་ལེབ།ཚགས་ཤ་སོགས་ཁྱད་ལྡན་ཞིམ་ཟས་གྲ་སྒྲིག་ཡག་པོ་བྱེད་ཀྱི་ཡོད་པ་དང་།མགྲོན་བསུ་ཆེ་བའི་མང་ཚོགས་ཀྱིས་མགྲོན་པོར་རང་ཡུལ་དུ་སྣེ་ལེན་བྱས་ནས་ཞིམ་པའི་ཟས་ལ་རོལ་བར་བྱས་པ་རེད།

   ས་གནས་ཏང་ཨུ་སྲིད་གཞུང་དང་། རོགས་སྐྱོར་ལས་ཁུངས། དེ་མིན་སེམས་རྩ་འཁོལ་བའི་མི་སྣ་བཅས་ཀྱི་ཤུགས་ཆེའི་རྒྱབ་སྐྱོར་འོག་ཁམ་བུའི་མེ་ཏོག་མདའ་འཕེན་དུས་ཆེན་ནི་ལོ་རེ་ནས་ལོ་རེར་སྤེལ་བ་བཟང་བ་དང་། མདའ་ཐང་གི་གཞི་ཁྱོན་ཟམ་མི་ཆད་པར་ཆེ་རུ་སོང་ཡོད་ལ་འགྲན་རའི་ནང་གི་སྒྲིག་བཀོད་ཀྱང་ཟམ་མི་ཆད་པར་འཐུས་ཚང་དུ་སོང་བ། དམངས་ཀྱི་སྡོད་ཁང་དང་།བཟའ་བཏུང་།ཚོང་དོན་བཅས་ལའང་འཕེལ་རྒྱས་ཆེན་མོ་བྱུང་ཡོད།

  ད་ལོའི་ཟླ་4པར་ལྕགས་ཕུགས་གྲོང་ཚོར་ཁམ་བུའི་མེ་ཏོག་སྔར་བཞིན་བཞད་ཡོད། ལྕགས་ཕུགས་གྲོང་ཚོས་ཁུལ་ཡོངས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དགོས་མཁོ་དང་གཞོགས་འདེགས་ཧུར་ཐག་བྱས་ནས“ཕྱིའི་ནང་འདྲེན་སྔོན་འགོག་དང་ནང་གི་བློ་ཡུལ་ལས་འདས་པའི་དོན་རྐྱེན་སྔོན་འགོག”གི་སྤྱིའི་ཐབས་ཇུས་དོན་འཁྱོལ་མཐའ་གཅིག་ཏུ་བྱ་ཆེད།2022ལོའི་ཁམ་བུ་མེ་ཏོག་མདའ་འཕེན་དུས་ཆེན་གྱི་དུས་ཚོད་ཕྱིར་འགྱངས་བྱས་རུང་། ལྕགས་ཕུགས་གྲོང་ཚོའི་རི་སྔོ་ཆུ་དྭངས་མི་འགྱུར་ལ།མང་ཚོགས་འབབ་འཕར་ཕྱུག་འགྱུར་གྱིས་འབྱོར་འབྲིང་ཕྱོགས་སུ་སྐྱོད་པའི་ཐོག་མའི་བསམ་གཞི་ཡང་འགྱུར་མེད་པ་རེད།

 སྤུས་ཚད་མཐོ་བའི་གྲོང་གསེབ་ཡུལ་སྐོར་གཏོད་པ་དང་།ལྗང་མདོག་ཐོན་ལས་འཕེལ་རྒྱས་སུ་གཏོང་བ།གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་བཅས་བྱས་ནས། ལྕགས་ཕུགས་གྲོང་ཚོས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་མུ་མཐུད་བརྟན་དུ་བཏང་སྟེ།དེ་བས་ཡག་པའི་བསམ་པའི་ཉམས་འགྱུར་དང་དཔའ་ངར་ཆེར་བསྐྱེད་ཀྱི་བློ་སྟོབས་ལ་བརྟེན་ནས་གྲོང་གསེབ་དར་རྒྱས་གཏོང་བའི་ཡངས་ཤིང་རྒྱ་ཆེ་བའི་འགྲོ་ལམ་ཐོག་མུ་མཐུད་བསྐྱོད་བཞིན་ཡོད་པ་རེད།