འབྲས་དང་ཕྱེ་ཇི་ལྟར་ཞིབ་ཚགས་ལྡན་ན་དེ་ལྟར་བཟང་བ་ཡིན་ནམ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-04-12   རྩོམ་ཁུངས།    མཚོ་སྔོན་བོད་ཡིག་ཚགས་པར།

    མི་རྣམས་ཀྱི་འཚོ་བའི་ཆ་རྐྱེན་རྒྱུན་ཆད་མེད་པར་ཇེ་ལེགས་སུ་སོང་བ་དང་བསྟུན་ནས། འབྲས་དང་ཕྱེའི་ཐད་ཀྱི་ཆ་རྐྱེན་ཡང་ཇེ་ཞིབ་ཇེ་ཕྲ་རུ་འགྲོ་བཞིན་ཡོད་དེ། འཛད་སྤྱོད་པ་མི་ཉུང་བ་ཞིག་མདོག་ཤིན་ཏུ་དཀར་བ་དང་རིན་གོང་མཐོ་བའི་དཀར་གཙང་ཅན་གྱི་འབྲས་དང་ཕྱེ་ཡི་རིགས་འདེམས་པར་དགའ་བ་རེད། དཀར་གཙང་ཅན་གྱི་འབྲས་དང་ཕྱེ་ཞེས་པ་ནི། ལས་སྣོན་གྱི་ཞིབ་ཚད་མཐོ་བའི་འབྲས་དང་གྲོ་ཕྱེ་ལ་ཟེར་ཞིང་། འབྲས་ཀྱི་འཕོས་ཚད་དམའ་བ་དང་མདོག་དཀར་བ། བྲོ་བ་ཞིམ་པའི་རིགས་ལ་ཟེར། མི་མང་ཆེ་ཤོས་ཀྱིས་འབྲས་ཇི་ལྟར་ཞིབ་ཚགས་ལྡན་ན་དེ་ལྟར་བཟང་བ་དང་། ཕྱེ་ཇི་ལྟར་དཀར་ན་དེ་ལྟར་ལེགས་པར་འདོད་ཀྱིན་ཡོད་ཀྱང་། འཚོ་བཅུད་རིན་ཐང་གི་ཐད་ནས་བཤད་ན་དེ་འདྲ་ཞིག་གཏན་ནས་མིན།

    རང་རྒྱལ་སྡོད་དམངས་ཀྱི་བཟའ་བཏུང་གི་ཁྲོད་དུ། 50%ནས60%བར་གྱི་ནུས་ཚད་དང50%ནས55%བར་གྱི་སྤྲི་དཀར་རྫས་ནི་འབྲས་དང་ཕྱེ་སོགས་འབྲུ་ཡི་རིགས་ཀྱི་བཟའ་བཏུང་གིས་འདོན་སྤྲོད་བྱེད་ཀྱིན་ཡོད་པ་དང་། དུས་མཚུངས་སུ། འབྲུ་ཡི་རིགས་ཀྱི་བཟའ་བཏུང་ནི་གཏེར་རྒྱུ་དང་རིགསBཅན་གྱི་འཚོ་རྒྱུའི་ཡོང་ཁུངས་གཙོ་བོའང་ཡིན། གཏེར་རྒྱུ་དང་རིགསBཅན་གྱི་འཚོ་རྒྱུའི་རིགས་ནི་གཙོ་བོར་འབྲུ་ཤུན་དང་སྦྲུམ་རྟེན་འོ་མའི་བར་གྱི་སྐྱ་ཕྱེའི་རིམ་པར་ཁྱབ་ནས་ཡོད། འོན་ཀྱང་། ཕྱེ་འཐག་པའི་གོ་རིམ་ཁྲོད། སྐྱ་ཕྱེའི་རིམ་པ་དང་འབྲུ་ཤུན་གཉིས་ཀ་མཉམ་ཏུ་དབྱེ་ཕྲལ་བྱས་ནས། ལས་སྣོན་ཇི་ཙམ་ཞིབ་ཚགས་ལྡན་ན་སྐྱ་ཕྱེའི་རིམ་པ་དེ་ལྟར་བཤུས་ཡག་བྱས་འགྲོ་བ་དང་། འབྲུ་རིགས་ཀྱི་འཚོ་བཅུད་རིན་ཐང་ཐད་ཀྱི་ཤུགས་རྐྱེན་ཡང་དེ་ལྟར་ཇེ་ཆེར་འགྲོ་བ་རེད།

    འབྲུ་རིགས་ལ་ལས་སྣོན་བྱས་ཚད་ཇི་ཙམ་ཞིབ་ཚགས་ལྡན་ན་བསྟེན་རྗེས་ཀྱི་ཁྲག་གི་མངར་ཆའི་འགྱུར་འབྱུང་ཡང་དེ་ལྟར་ཇེ་མཐོར་འགྲོ་བ་རེད། དེ་མིན། ཟས་རིགས་གཅིག་གི་གཡོས་སྦྱོར་བྱེད་སྟངས་མ་འདྲ་བས་ཀྱང་ཁྲག་གི་མངར་ཆའི་ཚད་ལ་ཤུགས་རྐྱེན་བཟོ་བ་རེད། དཔེར་ན། བསྐོལ་ཡུན་གྱི་དུས་ཚོད་ཅུང་རིང་བའི་དཀར་གཙང་འབྲས་ཀྱི་ཐུག་པ་བསྟེན་རྗེས་ཀྱི་ཆུ་ཚོད་ཕྱེད་ཙམ་ནས་ཆུ་ཚོད་གཅིག་ནང་གི་ཁྲག་གི་མངར་ཆའི་ཚད་དེ་འབྲས་ཟན་ལས་མངོན་གསལ་གྱིས་མཐོ་ངེས་ཡིན། དེའི་རྐྱེན་གྱིས་ཁྲག་གི་མངར་ཆར་ཚོད་འཛིན་བྱེད་དགོས་པའི་མི་ཚོགས་ཀྱིས་ཟ་མ་དེའི་རིགས་ལ་འཛེམ་དགོས།

    ཟས་ཐུན་རེ་རེར་འབྲུ་རིགས་ཡོད་དགོས། འདིར་བརྗོད་པའི་འབྲུ་རིགས་ནི་ང་ཚོའི་རྒྱུན་མཐོང་གི་ལས་སྣོན་བརྒྱུད་པའི་འབྲས་དང་ཕྱེ་ཁོ་ནར་ཟེར་བ་མ་ཡིན་པར། གཞན་ད་དུང་ཡོངས་འབྲུ་དེའང་ཉིན་གཅིག་གི་ཟས་ཐུན་གསུམ་པོའི་ཁྲོད་དུ་སིམ་དགོས། ཡོངས་འབྲུ་ཟེར་བ་ནི་ཞིབ་ཚགས་ཀྱི་ལས་སྣོན་མ་བརྒྱུད་པའམ་འཐག(གཅིར་བའམ་ཕྱེ་མར་འཐག་པ)ཀྱང་ད་དུང་འབྲུ་ཧྲིལ་བོ་གཅིག་ལ་འཛོམས་དགོས་པའི་སྦྲུམ་རྟེན་འོ་མ་དང་འབྲུ་ཤུན། འབྲུ་སྙིང་། སྐྱ་ཕྱེ་སོགས་གྲུབ་རྒྱུ་ཁ་ཚང་བའི་འབྲུ་རིགས་ལ་ཟེར། ཞིབ་ཚགས་ཀྱི་འབྲས་དང་ཕྱེ་ལ་བསྡུར་ན། ཡོངས་འབྲུའི་ཁྲོད་དུ་འབྲུ་ཡི་རང་བྱུང་འཚོ་བཅུད་ཀྱི་གྲུབ་ཆ་ཡོངས་སུ་ཚང་བ་སྟེ། དཔེར་ན། བཟའ་བཅའི་ཚི་སྣ་དང་། རིགསBཅན་གྱི་འཚོ་རྒྱུ་དང་འཚོ་རྒྱུE། གཏེར་རྒྱུ། ཚད་མ་ལོངས་པའི་ཚིལ་སྐྱུར། རྩི་ཤིང་མངར་ཕྲུན་དང་རྩི་སྐྱུར། ཧྥུན་རིགས་སོགས་རྩི་ཤིང་རྫས་འགྱུར་དངོས་རྫས་ཡོད།

གལ་ཏེ། ཡོངས་འབྲུ་ནི་ཁ་ལ་རྩུབ་ཅིང་ཟས་མ་ཐག་དེ་ཙམ་མི་ལོབས་པར་འདོད་ན། ཐབ་ཚང་གི་གཡོས་སྦྱོར་ཡོ་བྱད་ཀྱི་ནུས་པར་བརྟེན་ནས་ཁ་ལ་མི་རྩུབ་པ་ཞིག་ཏུ་བཟོས་ཆོག ང་ཚོས་ནངས་ཇའི་སྐབས་སུ་གློག་ཟངས་དང་མཐོ་གནོན་བ་མ་སྤྱད་དེ་འབྲས་ཀྱི་འབག་ཐུག་དང་། ཡུ་གུའི་འབག་ཐུག ཟས་སྣ་བརྒྱད་འཛོམས་ཀྱི་འབག་ཐུག་སོགས་སུ་བཟོས་ཆོག་ལ། གློག་བཙོས་སླ་ང་སྤྱད་ནས་མ་རྨོས་ལོ་ཏོག་དང་ཅོང་རྡོག ཞོག་ཁོག་དམར་པོ་སོགས་བཙོས་ཆོག གུང་ཟས་དང་དགོང་ཟས་ཀྱི་ཁྲོད་དུ་འབྲས་དཀར་གྱི་ནང་དུ་སྡུར་ཚད(1∶3)འོས་འཚམ་ཡིན་པའི་འབྲས་རྩིང་དང་ཡུ་གུ འབྲས་ནག འབྲས་དབྱི་སྨི་སོགས་བསྣན་ནས་འབྲས་ཟན་བཙོས་ཆོག ཟས་ཀྱི་མདོག་དང་བྲོ་བ་སོགས་ཇེ་ལེགས་སུ་གཏོང་ཆེད། ད་དུང་ཏིལ་ཕྱེ་དང་རྒུན་འབྲུམ་སྐམ་པོ། ཙོལ་རིལ་སོགས་བསྣན་ཆོག་པར་མ་ཟད། ཞོག་ཁོག་རིགས་ཀྱི་ཟས་རིགས་ཀྱང་བསྣན་ནས་ཡོངས་འབྲུའི་ཟས་རིགས་ལ་སྔར་ལས་རོ་མངར་ལྡན་ཞིང་སྔར་ལས་དྲི་ཞིམ་ལྡན་པར་བྱས་ཆོག