མཐོ་སྒང་དུ་གཉིད་ཁུག་པར་དཀའ་པའི་རྒྱུ་མཚན་ཅི།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-04-07   རྩོམ་ཁུངས།    ཀྲུང་གོའི་བོད་ཀྱི་དྲ་བ།

    མདང་དགོང་གཉིད་སྐྱིད་པོ་ཁུག་བྱུང་ངམ་ཞེས་པ་ནི་མཚོ་བོད་ས་མཐོའི་ཐོག་རྒྱུན་དུ་ཐོས་རྒྱུ་ཡོད་པའི་འཚམས་འདྲིའི་སྐད་ཆ་ཞིག་ཡིན་ཞིང་། གཉིད་སྐྱིད་པོ་ཞིག་ཁུག་ཐུབ་ཀྱི་མེད་པ་ནི་མཐོ་སྒང་དུ་འཚོ་བ་དང་ལས་ཀ་བྱེད་བཞིན་པའི་མི་རྣམས་ལ་འཕྲད་བཞིན་ཡོད་པའི་གནད་དོན་ཞིག་རེད།

       གཉིད་ཡག་པོ་མི་ཁུག་པ་ནི་མཐོ་སྒང་གི་མི་རྣམས་ལ་འཕྲད་པའི་གནད་དོན་ཞིག་རེད། པེ་ཅིང་ས་མཐོར་འཚམ་མཐུན་ཞིབ་འཇུག་དྲག་སྐྱེད་ལྟེ་གནས་ཡུལ་ཤུལ་ཡན་ལག་ལྟེ་གནས་ཀྱི་ཀྲུའུ་རེན། མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྨན་ཁང་གི་འགོ་འཛིན་ཀུའོ་ཡུང་གིས། མཐོ་སྒང་གིས་གཉིད་ལ་འགོག་རྐྱེན་བཟོ་བའི་རྒྱུ་རྐྱེན་ནི་གསོ་རླུང་ཉུང་བ་དང་། ས་མཐོའི་ཁོར་ཡུག་ལ་འཇིགས་སྣང་དང་དངངས་འཚུབ་ལང་པ། མ་ཉལ་གོང་ལུགས་དང་མི་མཐུན་པའི་བཟའ་བཏུང་དང་། དུས་ཡུན་རིང་པོར་གློག་རྡུལ་ཐོན་རྫས་སྤྱོད་པ་སོགས་ཀྱི་གོམས་གཤིས་ངན་པ་ལས་བྱུང་བ་ཞིག་རེད་ཅེས་བཤད་ཡོད།

       ཀུའོ་ཡུང་གིས་གྲོས་འགོ་བཏོན་དོན། 

       དང་པོ། མཐོ་སྒང་དུ་ཐོག་མར་སླེབས་དུས་ངེས་པར་དུ་ཕྱི་ལ་མང་ཙམ་སོང་ནས་ཁོར་ཡུག་ལ་རྒྱུས་མངའ་ལོན་པ་བྱས་ཏེ་སྐྲག་སྣང་དང་འཚུབ་ཆ་ལང་བའི་བསམ་བློ་མེད་པར་བཟོ་དགོས། 

       གཉིས། གོམས་གཤིས་ངན་པ་བསྒྱུར་བཅོས་བྱེད་དགོས། མ་ཉལ་གོང་དུས་ཡུན་རིང་པོ་ལག་ཁྱེར་ཁ་པར་སོགས་གློག་རྡུལ་ཐོན་རྫས་མི་བཀོལ་བ། སེམས་ལ་ངར་སློང་བྱེད་དང་སྐྲག་སྣང་སྐྱེད་བྱེད་ཀྱི་གློག་བརྙན་དང་བརྙན་འཕྲིན་ཟློས་གར་ལ་མི་ལྟ་བར། སེམས་ཁམས་ཞི་ལྷོད་ཡོང་བ་བྱ་དགོས། གླུ་དབྱངས་ལྷོད་མོ་ཉན་ན་གཉིད་སྐྱིད་པོ་ཡོང་བར་ཕན་པ་ཡོད།

       གསུམ། བཟའ་བཏུང་གོམས་གཤིས་ལ་དོ་སྣང་བྱེད་དགོས། 

       ཀུའོ་ཡུང་གིས་དགོང་ཟས་མང་དྲགས་པའམ་ཡང་ན་དགོང་ཟས་མི་ཟ་བ། དུས་ལྟར་ཟ་མ་མི་ཟ་བ་སོགས་ཡང་གཉིད་མི་ཁུག་པའི་རྐྱེན་དུ་འགྱུར་སྲིད་ཅེས་བཤད་ཡོད། མ་ཉལ་གོང་རྐང་པ་ཆུ་དྲོན་པོའི་ནང་དུ་སྦངས་བ་དང་། ཉལ་གདན་སྙི་ཞིང་བདེ་མོ་བེད་སྤྱོད་བྱས་ནས་ཚོད་ལྟ་བྱས་ཆོག གཉིད་ཉལ་བ་ལ་དུས་འཁོར་ཞིག་ཡོད་ལ། མཚན་གུང་གཉིད་སད་པ་ནི་གཉིད་ཀྱི་དུས་འཁོར་གྱི་མངོན་ཚུལ་ཞིག་ཡིན་པས། འཚུབ་ཆ་ལངས་མི་དགོས། གཉིད་སད་རྗེས་ལག་ཁྱེར་ཁ་པར་རྩེད་ཚེ་གོམས་གཤིས་ངན་པ་ཞིག་ཆགས་སྲིད་དེ། རང་ཉིད་གཉིད་ཉལ་བའི་དུས་སུ་ཡང་དང་བསྐྱར་དུ་སད་ངེས་པ་ཡིན་ཞེས་བརྗོད།

       ཀུའོ་ཡུང་གིས་གཉིད་ཡག་པོ་ཉལ་བ་དང་། བཟའ་བཏུང་དོ་སྙོམས་ཡོང་བ། འོས་འཚམ་གྱིས་ལུས་སྦྱོང་བྱེད་པ་བཅས་ནི་བདེ་ཐང་གི་རྨང་རྡོ་ཆེན་པོ་གསུམ་ཡིན། གཉིད་ཀྱི་སྤུས་ཚད་ནི་ལུས་སེམས་ཀྱི་བདེ་ཐང་དང་འབྲེལ་བ་དམ་ཟབ་ཡོད་པས། ས་ཆ་གང་དུ་འཚོ་བ་སྐྱེལ་བཞིན་ཡོད་རུང་ཚང་མས་གཉིད་ཀྱི་བདེ་ཐང་ལ་མཐོང་ཆེན་བྱེད་དགོས་ཅེས་བཤད།