མཁྲེགས་འཛིན་གྱི་ལྟ་བ། ༼གཏམ་རྒྱུད་ཐུང་ཡང་གནས་ལུགས་ཟབ།༽

རྩོམ་པ་པོ།   ཚེ་དོན།  ཡིག་བསྒྱུར།       དུས་ཚོད།   2022-04-06   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

     སྔར་ཡུལ་གྲུ་ཞིག་ཏུ་རང་ཉིད་ནི་ཡོན་ཏན་གྱིས་རབ་ཏུ་ཕྱུག་པ་དང་།བློ་གྲོས་ལྡན་པར་འདོད་པའི་མི་བུ་ཞིག་ཡོད། མི་གཞན་གྱིས་སྐྱེས་ཆེན་དམ་པ་འགའི་རིག་གནས་ཡོན་ཏན་ལ་བསྔགས་བརྗོད་ཀྱི་མེ་ཏོག་གཏོར་བའི་གཏམ་གོ་ཐེངས་རེར་ཁོང་གིས་གདོང་ལ་མཐོང་ཆུང་གི་རྣམ་འགྱུར་ཞིག་བཟུང་ནས་སེམས་སུ་དེ་དག་ནི་སྤྱིར་བཏང་གི་གྲྭ་བཙུན་ཙམ་ལས་མ་འདས་ཤིང་།   འཇིག་རྟེན་གྱི་གནས་ལུགས་ཀྱང་མངོན་དུ་མ་གྱུར་བ་ཏག་ཏག་ཡིན་པས་དེ་དག་ལ་མོས་པ་དང་ཁ་ཡ་བྱེད་པའི་དགོས་པ་མི་དགོས་སྙམ་ནས་རང་བློམ་ངང་དུས་འདའ་བར་བྱས།   ཡིན་ཡང་མི་གཞན་གྱིས་སྐྱེས་ཆེན་དམ་པ་དེ་དག་ལ་བསྟོད་ཐེངས་ཇེ་མང་དུ་སོང་བས།   ཁོས་ཀྱང་དེས་ན་དེ་དག་གི་ཀུན་སྤྱོད་དང་བློ་གྲོས་ལ་བརྟག་དཔྱད་རེ་བྱ་དགོས་པའི་བློ་སྐྱེས། 

    ཉིན་ཞིག་རང་རློན་ཅན་འདི་མཚན་ལ་ལྷོ་ཡིབ་མཁན་པོ་ཞེས་འབོད་པའི་སྐྱེས་ཆེན་དམ་པ་ཞིག་གི་དྲུང་དུ་ཕྱིན།    ལྷོ་ཡིབ་མཁན་པོས་རང་གི་མདུན་དུ་ཡོན་ཏན་པ་ཞིག་མཚམས་འདྲིར་ཡོང་བའི་གནས་ཚུལ་གོ་རྗེས་གྲ་སྒྲིག་གང་ལེགས་བྱས་ཤིང་།    ཇ་བསྐོལ་ནས་བསུ་མ་དང་སྣེ་ལེན་གང་ལེགས་བྱས། 

    ཁོང་གཉིས་ཀྱིས་ཕན་ཚུན་ལ་འཚམས་འདྲི་རེ་བྱས་རྗེས་གདན་ཐོག་ཏུ་ཁ་གཏད་བྱས་ཏེ་ཙོག་པུར་བསྡད།    རང་རློམ་ཅན་གྱི་ཡོན་ཏན་པ་དེས་ལྷོ་ཡིབ་མཁན་པོ་ལ་ཆོས་ཀྱི་གནས་ལུགས་འགའི་དྲི་བ་བཏོན་པ་ན།   ལྷོ་ཡིབ་མཁན་པོས་སྔར་ནས་རང་རློམ་ཅན་གྱི་ཡོན་ཏན་པ་འདིའི་བསམ་ཚུལ་དང་སེམས་རྒྱ་རྟོགས་ཡོད་པས།   ཁོང་གིས་འཚབ་འཚུབ་ཅི་ཡང་མེད་པར་རེ་ཞིག་དྲི་བ་ལན་མ་བཏབས་པ་དང་།   ཅོག་ཙེའི་སྟེང་གི་ཇ་ཕོར་ལ་མཛུབ་མོས་སྟོན་བཞིན།ང་ཚོའི་དགོན་པ་ན་མངར་བཅུད་ཕུན་སུམ་ཚོགས་པའི་ཟས་རིགས་ཀྱིས་ཁྱེད་ལ་མགྲོན་བསུ་བྱེད་པའི་ཆ་རྐྱེན་ཞན་ན་ཡང་སྤུས་ལེགས་པའི་མངར་ཇ་ཞིག་བསྐོལ་ཡོད།   སྐུ་ཉིད་ཀྱིས་ཇ་བཞེས་པར་འཚལ་ཞེས་བཤད་ཞོར་ཇ་ཕོར་ནང་དུ་ཇ་བླུགས། སྐར་ཆ་འགའ་ལས་མ་འགོར་བར་ཇ་ཕོར་ནང་དུ་ཇ་ཡིས་བཀང་ནས་ཇ་རྣམས་ཕྱིར་ཟགས་ན་ཡང་།  ལྷོ་ཡིབ་མཁན་པོས་ཅི་མི་སྙམ་པར་སྔར་བཞིན་ཇ་ཕོར་ནང་དུ་ཇ་བླུགས་ཏེ་བསྡད།  


    རང་རློམ་ཅན་གྱིས་ཡོན་ཏན་པ་དེས་ལྷོ་ཡིབ་མཁན་པོ་ལ།  ཇ་ཕོར་ནང་དུ་ཇ་ཡིས་བཀང་འདུས་པས་ད་དུང་ལྡུག་དོན་ཅི་ཡིན་ཞེས་དྲིས་པ་ན།  ལྷོ་ཡིབ་མཁན་པོས་ཇ་ཕོར་འདིའི་རང་བཞིན་ནི་ཁྱོད་དང་གཅིག་མཚུངས་ཡིན་པའི་རྐྱེན་གྱིས་ཡིན་ཟེར།   རང་རློམ་ཅན་གྱིས་ཡོན་ཏན་པས་མགོ་བོ་འཕྲེད་དུ་གཡུགས་བཞིན་ངས་མཁན་པོ་ཁྱེད་ཀྱིས་དོན་ངོ་མར་ཅི་ཞིག་བརྗོད་འདོད་པའི་དོན་སྙིང་ཧ་གོ་མ་སོང་ཞེས་བཤད།  

    ལྷོ་ཡིབ་མཁན་པོས།  ཁྱོད་ཀྱི་ཀླད་པའི་ནང་དུ་སྔར་ནས་ཁྱོད་རང་ཉིད་ཀྱི་བསམ་ཚུལ་དང་ལྟ་བ་ཁོ་ནས་བཀང་ཡོད་པས།    བསམ་ཚུལ་གཞན་དག་དང་ལྟ་བ་གསར་བ་ཞིག་གཏན་ནས་ཤོང་ཐུབ་ཀྱི་མི་འདུག   རང་བཞིན་འདི་འདྲ་ཡིན་ན་ངས་ཁྱོད་ལ་ཆོས་ཀྱི་གནས་ལུགས་ཅི་ལྟར་བཤད་ཀྱང་གོ་ཆོད་པ་མ་རེད།   ཐོག་མར་ཁྱོད་ཀྱིས་རང་གི་མཁྲེགས་འཛིན་གྱི་ལྟ་བ་དང་ཉོན་མོངས་ཀྱི་རང་བཞིན་ཅན་དུ་གྱུར་བའི་རྒྱུ་དེ་དག་འདོར་བར་གྱིས་ཞེས་གསུངས་པ་ན།  རང་རློམ་ཅན་གྱི་ཡོན་ཏན་པ་དེས་ཀྱང་གནས་ལུགས་ཀྱི་ངོ་བོ་རྟོགས་ནས་གདོང་ལ་ངོ་ཚ་བའི་རྣམ་འགྱུར་བྱུང་།    

    གལ་ཏེ་མི་ཞིག་ལ་ཨུ་ཚུགས་དང་མཁྲེགས་འཛིན་ཀྱི་ལྟ་བ་ཡོད་པ་ཡིན་ན།   དེ་ནི་རང་ཉིད་ལ་ཕྱི་འགྲིམས་ཀྱི་ལམ་བཀག་པའི་སྒོ་ཆེན་ཞིག་བཙུགས་ཡོད་པ་དང་འདྲ་ཞིང་།  དེས་རང་ཉིད་ཡར་བསྐྱེད་འབྱུང་བའི་གོམས་སྟབས་འགོག་པ་མ་ཟད།  ད་དུང་མིའི་སེམས་ལ་ཕྲག་དོག་དང་མཐོང་ཆུང་གི་ཀུན་སློང་བསྐྱེད་པར་བྱེད།   དེའི་རྐྱེན་གྱིས་བྱ་དངོས་གསར་བ་དང་ལེན་དང་དྲང་ཕྱོགས་ནས་དོན་དག་ལ་དཔྱད་པ་གཏོང་དགོས་ན། ང་ཚོས་ངེས་པར་དུ་ནང་སེམས་ཀྱི་གཏིང་རིམ་ནས་མཁྲེགས་འཛིན་གྱི་ལྟ་བའམ་གུ་དོག་པའི་བསམ་ཚུལ་དེ་འདོར་དགོས།