དུས་རབས་གསར་པར་འབད་འབུངས་མདུན་སྐྱོད་བྱེད། རྒྱང་སྐྱོད་ལམ་བུ་གསར་པར་བརྩོན་པ་བསྐྱེད།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-04-05   རྩོམ་ཁུངས།    ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

——ནག་ཆུ་གྲོང་ཁྱེར་གྱིས“དཔེ་སྟོན་གྲོང་ཁྱེར་བཞི”འཛུགས་གཏོད་ཧུར་ཐག་བྱས་པའི་ལས་དོན་གྱི་སྐོར་བཀོད་པ།

འདི་ནི་ནག་ཆུ་གྲོང་ཁྱེར་ལྷ་རི་རྫོང་གི་སྨི་ཏི་ཁ་འདམ་ར་ཡིན་པ།

ནག་ཆུ་གྲོང་ཁྱེར་གྱིས་དུས་རབས་གསར་པའི་དུས་འགོར་ལངས་ཏེ“བོད་ཀྱི་ས་བབ་མཐོ་ཤོས་ཀྱི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དཔེ་སྟོན་གྲོང་ཁྱེར་འཛུགས་སྐྲུན”བྱེད་པའི་འབད་འཐབ་དམིགས་ཚད་ཕྱོགས་ཡོངས་ནས་མངོན་འགྱུར་བྱེད་པ་དང“ཡུན་རིང་བདེ་འཁོད་ཀྱི་དཔེ་སྟོན་གྲོང་ཁྱེར་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དཔེ་སྟོན་གྲོང་ཁྱེར། སྐྱེ་ཁམས་ཤེས་དཔལ་གྱི་དཔེ་སྟོན་གྲོང་ཁྱེར། མཐའ་བརྟན་མཐའ་དར་དམངས་ཕྱུག་གི་དཔེ་སྟོན་གྲོང་ཁྱེར”བཅས་གཏོད་པའི་འཐབ་ཇུས་ལས་འགན་ལ་དམིགས་ཏེ། མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པའི་ཁྲོད“ནག་ཆུའི་ཐུན་མོང་གི་ངོས་འཛིན”སྔར་བས་གཅིག་སྒྲིལ་དང“ནག་ཆུའི་བྱ་སྤྱོད”སྔར་བས་མངོན་པ། “ནག་ཆུའི་བྱས་རྗེས”སྔར་བས་མཚོན་པ་བཅས་བྱས་ཡོད།

ཞི་མཐུན་བརྟན་ལྷིང་གི་སྤྱི་ཚོགས་ཀྱི་རྣམ་པ་གསར་པ་བཏོད་པ།

2021ལོའི་ཟླ་12ཚེས་21ཉིན་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ལྷ་སར་དུས་བདེའི་ཀྲུང་གོ་འཛུགས་སྐྲུན་གྱི་བོད་རང་སྐྱོང་ལྗོངས་ཀྱི་སྔོན་ཐོན་མཉམ་སྡེབ་དང་། སྔོན་ཐོན་མི་སྒེར་དང་དཔེ་སྟོན་གྲོང་ཁྱེར། རྫོང་གི་འཐུས་མི་བཅས་ལ་མཇལ་འཕྲད་གནང་ཞིང་། སྙན་རོང་གྲོང་རྡལ་དེ་ཉིད“དུས་བདེའི་ཀྲུང་གོ་འཛུགས་སྐྲུན་གྱི་སྔོན་ཐོན་མཉམ་སྡེབ(2017-2020)”གྱི་གཟི་བརྗིད་མཚན་སྙན་ཐོབ་ནས་གདན་ཞུ་བྱས་པའི་གྲལ་དུ་ཚུད་ཡོད་པ་རེད།

སྙན་རོང་གྲོང་རྡལ་ནི་སྙན་རོང་རྫོང་སྲིད་གཞུང་གནས་ཡུལ་ཡིན་ཞིང་། དེའི་ཁོངས་གཏོགས་སུ་གྲོང་ལྷན་13ཡོད་པ་དང་། ཕྱི་ནས་ཡོང་བའི་མི་འབོར་མང་བ། དོ་དམ་བྱེད་ཁོངས་རྒྱ་ཆེ་བས། སྤྱི་ཚོགས་བཅོས་སྐྱོང་ཐད་དཀའ་གནད་ཆེ་ཙམ་ཡོད་པ་རེད། ཉེ་བའི་ལོ་ཤས་རིང་། སྙན་རོང་གྲོང་རྡལ་གྱིས་རང་ངོས་ཀྱི་དོན་དངོས་ལ་གཞི་ཚུགས་ནས་སྤྱི་ཚོགས་བདེ་འཇགས་ཀྱི་སྔོན་འགོག་དང་ཚོད་འཛིན་མ་ལག་གི“བཅོས་སྐྱོང་ལྔ”(སྲིད་སྐྱོང་དང་། སྤྱོད་སྐྱོང་། ཁྲིམས་སྐྱོང་། རིག་སྐྱོང་། རང་སྐྱོང་བཅས་ཚུད་པ)འཛུགས་སྐྱོང་བྱེད་སྟངས་བཏོན་ཡོད།

བཀྲ་ཤིས་སྡེ་ཁུལ་གྲོང་ལྷན་ནི་སྙན་རོང་གྲོང་རྡལ་གྱི“བཅོས་སྐྱོང་ལྔ”འཛུགས་སྐྱོང་གི་ཚོད་ལྟའི་གྲོང་ཚོ་རེད། སྡེ་ཁུལ་དེས་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ས་ཚིགས་ལ་བརྟེན་ནས་དམངས་ལ་བྱ་བ་དངོས་སྒྲུབ་པ་དང་ཟུང་འབྲེལ་བྱས་ཏེ། “མང་ཚོགས་ཀྱིས་མངགས་ཐོ་བཟོ་བ་དང་། ལྟེ་གནས་ཀྱིས་མངགས་ཐོར་དོ་དམ་བྱེད་པ། དང་བླངས་ཞབས་ཞུ་རུ་ཁག་གིས་མངགས་ཐོའི་ལས་དོན་སྒྲུབ་པ། ཞབས་འདེགས་ཞུ་ཡུལ་གྱིས་མངགས་ཐོར་དཔྱད་ཞིབ་བྱེད་པ”བཅས་ཀྱི“མངགས་ཐོ་རྣམ་པའི་ཞབས་འདེགས”ཞུ་སྟངས་སྤྱད་དེ་མང་ཚོགས་ལ་ཞབས་འདེགས་ཞུ་བའི་ལས་དོན་ཁག་ཡག་པོ་བསྒྲུབས་ནས། ད་བར“མངགས་ཐོའི་ཞབས་འདེགས”བརྒྱ་ལྷག་ཙམ་ཞུས་པར་ཁོངས་གཏོགས་མི་རིགས་ཁག་གི་མང་ཚོགས་ཀྱི་གདེང་འཇོག་བཟང་པོ་ཐོབ་ཡོད་པ་རེད།

དར་ཆ་ལྷ་མོ་སྡེ་ཁུལ་ནི་གསེར་རྙེད་ཆུས་ནག་ཆུ་གྲོང་རྡལ་གྱི་ཆུ་འགྲམ་ལམ་དུ་གནས་ཤིང་། ལོ་བཅུ་ཕྲག་ནང་མི་རིགས་མཐུན་སྒྲིལ་གྱི་གཏམ་རྒྱུད་འདི་གར་ཟམ་མི་ཆད་པར་གྲགས་ཡོད།

ཁྱིམ་དར་ཆ་ལྷ་མོ་སྡེ་ཁུལ་དུ་ཡོད་པའི་བདེ་ཆེན་སྒྲོལ་མ་དང་དབྱང་ཝུན་ཅུས་ངོ་ཤེས་ནས་ལོ་8དང་གཉེན་སྒྲིག་བྱས་ནས་ལོ་6འགྲོ་ཡི་ཡོད་ནའང་ཕན་ཚུན་བརྩེ་བ་མ་ཞིག་པར་དམ་ཚིག་ཤིན་ཏུ་ཟབ། 2014ལོར་ཁོ་གཉིས་འབྲི་རུ་རྫོང་གཡང་ཤོད་ཤང་དུ་གྲོང་ཚོར་བཅའ་སྡོད་བྱེད་སྐབས་རྟག་ཏུ་འབྲེལ་བ་བྱེད་དགོས་པས། བརྩེ་དུང་གི་ས་བོན་ལ་རིམ་བཞིན་མྱུ་གུ་འབུས་ཏེ་མེ་ཏོག་བཞད་ནས་འབྲས་བུའང་སྨིན་ཡོད།

བདེ་ཆེན་སྒྲོལ་མ་དང་དབྱང་ཝུན་ཅུས་ལྟ་བུའི་མི་རིགས་གཉེན་སྒྲིག་གི་ཁྱིམ་ཚང་དར་ཆ་ལྷ་མོ་སྡེ་ཁུལ་དུ་ཁྱོན་བསྡོམས་དུད་ཚང་5ཡོད། ལོ་མང་རིང་། དར་ཆ་ལྷ་མོ་སྡེ་ཁུལ་གྱིས་རྟག་ཏུ་མི་རིགས་ཁག་གི་མང་ཚོགས་སྒྲིག་འཛུགས་བྱས་ནས་མི་རིགས་མཐུན་སྒྲིལ་གྱི་སློབ་གསོ་གཏོང་བ་དང་། ཚང་མས་སྐྱིད་ལ་ཁའི་རྩྭ་ལ་མཉམ་ཟ་དང་སྡུག་ཀོ་མོག་ཆུ་ལ་མཉམ་འཐུང་བྱས་ཏེ་མི་རིགས་མཐུན་སྒྲིལ་སྔར་བས་ཟབ་ཏུ་བཏང་བས། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་གྱིས“མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཁུལ་ཁག་དགུ་པའི་དཔེ་སྟོན་ཚན་པའི”གཟི་བརྗིད་མཚན་སྙན་སྤྲད་པ་རེད།

འབྲོག་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཚད་ཤིང་གསར་པ་བཏོད་པ།

ནག་ཆུར་དཀར་ཕྱོགས་འབྲོག་ར་སྐད་གྲགས་ཆེན་པོ་ཡོད།

དཀར་ཕྱོགས་འབྲོག་ར་ནི་སྙན་རོང་རྫོང་ཤག་ཆུ་ཤང་དུ་གནས་ཤིང་། དེ་ནི་2009ལོར་བཙུགས་པའི་དེ་སྔའི་སྙན་རོང་རྫོང་དཀར་ཕྱོགས་འབྲོག་པའི་ཆེད་ལས་མཉམ་ལས་ཁང་རེད། མཉམ་ལས་ཁང་དེ་ནི་རྫོང་སྲིད་གཞུང་གིས་མ་དངུལ་སྒོར་ཁྲི་240ལྷག་ཙམ་བཏང་ནས་བཙུགས་པ་ཞིག་ཡིན་པ་དང་། འབྲོག་པའི་ས་ནས་ཕྱུགས་རིགས་དང་རྩྭ་ཐང་གཡར་བ་བརྒྱུད་རྫོང་ཡོངས་ཀྱི་དུད་ཚང་དབུལ་པོའི་ངལ་རྩོལ་ནུས་ཤུགས་བསྡུས་ནས་མ་རྐང་ལ་ཞུགས་སུ་བཅུག་སྟེ། དབུལ་སྒྲོལ་རྟེན་གཞིར་བྱས་ཀྱང་ཕན་འབྲས་ཆེན་པོ་ཐོན་མེད། “བཟོ་ཁང་ཆུང་གྲས་གཉེར་སྐྱོང་གཙོ་བོ་བྱས་པས་ཐོན་ལས་ཞིབ་བསྡུས་ཅན་གྱི་ཆུ་ཚད་དམའ་ལ་ཐོན་རྫས་ཀྱང་སྣ་ཁ་འཛོམས་པོ་མེད་རྐྱེན། ཕྱོགས་སྒྱུར་ཁ་ཚ་དགོས་གཏུགས་སུ་གྱུར་ཡོད”ཅེས་སྤྱི་གཉེར་ཆོས་གྲགས་ཀྱིས་གནད་ལ་འཁེལ་བའི་ངང་བཤད།

2016ལོའི་ཟླ་6པར་བརྟག་ཞིབ་གཏིང་ཟབ་བྱས་པའི་རྨང་གཞི་ཐོག“སྙན”རྟགས་ཅན་ཚོང་དོན་ཚད་ཡོད་འགན་འཁྲི་ཀུང་སི་བཙུགས་པ་རེད། དེ་དང་ཆབས་ཅིག་སྙན་རོང་རྫོང་གིས་མཉམ་ལས་ཁང་གི་འགན་ཁུར་བ་ཐེངས་མང་སྒྲིག་འཛུགས་བྱས་ཏེ། ལྗོངས་ཕྱིར་རྟོག་ཞིབ་ཏུ་བཏང་ནས་སྔོན་ཐོན་གྱི་ཕྱུགས་རིགས་གསོ་ཚགས་ཉམས་མྱོང་དང་འབྲོག་ལས་ཀུང་སི་དོ་དམ་བྱེད་སྟངས་སློབ་སྦྱོང་བྱས་ཏེ་མཐར“ཀུང་སི་+མཉམ་ལས་རྩ་འཛུགས+ཚན་ཞིབ་རྟེན་གཞི+གསོ་སྦྱོང་རྟེན་གཞི+འབྲོག་དུད”ཀྱི་འཕེལ་རྒྱས་གཏོང་སྟངས་གཏན་འཁེལ་བྱས་པ་དང་དཀར་ཕྱོགས་འབྲོག་པའི་ཆེད་ལས་མཉམ་ལས་ཁང་གིས་རྫོང་ཡོངས་ཀྱི་མཉམ་ལས་རྩ་འཛུགས་124ཡི་སྣེ་ཁྲིད་དེ་གཅིག་གྱུར་ཉོ་སྒྲུབ་དང་། གཅིག་གྱུར་ལས་སྣོན། གཅིག་གྱུར་སྤུས་རྟགས། གཅིག་གྱུར་བྲིན་ཚོང་བཅས་བྱས་པས་དཀར་ཕྱོགས་འབྲོག་རར་རྣམ་པ་གསར་པ་ཞིག་མངོན་ཡོད་པ་རེད།

འབྲོག་རས་ཞིབ་འཇུག་གསར་སྤེལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་ཁྲོམ་རའི་དགོས་མཁོ་དང་མཐུན་པའི་ཐོན་རྫས་ཐོན་སྐྱེད་བྱས་པ་བརྒྱུད། སྙན་རོང་མར་དང་། སྙན་རོང་ཞོ། སྙན་རོང་ཁྲ་བོ་ལ་འབྲི་གཡག་སོགས“སྙན”རྟགས་ཅན་གྱི་རྒྱལ་ཁབ་ས་ཁམས་ཚོང་རྟགས་ཀྱི་ཐོན་རྫས་ཤིན་ཅང་དང་། ཧྲན་ཤིས། ཧྲའན་ཤིས། ཧེ་ལུང་ཅང་སོགས་ཐག་རིང་ཞིང་ཆེན་དང་ལྗོངས་9ལ་འཚོང་ཡོད་པ་རེད།

གསེར་རྙེད་ཆུས་ལྷོ་མ་གྲོང་རྡལ་དགའ་བདེ་སྐྱེ་ཁམས་འབྲོག་ལས་ཐོན་ལས་འཕེལ་རྒྱས་ཚད་ཡོད་ཀུང་སི་ནི། 2017ལོའི་ཚུན་དུ་དབུལ་སྐྱོར་ཐོན་ལས་རྟེན་གཞི་ཞིག་ནས་སྐྱེ་ཁམས་འབྲོག་ལས་ཐོན་ལས་དཔེ་སྟོན་རྟེན་གཞིར་གྱུར་ནས། གསེར་རྙེད་ཆུས་ཀྱི་དུད་ཚང་དབུལ་པོ་ཡོངས་ཀྱིས་དབུལ་ཞྭ་ཕུད་པར་སྐུལ་ཁྲིད་བྱས་པ་མ་ཟད། ཐོན་ལས་གྲུབ་ཆའང་རིམ་པ་འཕར་ཡོད་པ་རེད།

ད་ཆ། དགའ་བདེ་འབྲོག་ལས་ཀྱི་ཐོན་རྫས་ལྗོངས་ཕྱི་ནང་གང་སར་ཁྱབ་ནས་ནག་ཆུའི་འབྲོག་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཕྱིན་པའི་ཚད་གཞིར་གྱུར་ཡོད།

ས་བབ་མཐོ་སའི་མཛེས་སྡུག་ལྡན་པའི་སྐྱེ་ཁམས་ཁོར་ཡུག་བཏོད་པ།

ནག་ཆུ་གྲོང་ཁྱེར་མཐོ་གྲང་ཤིང་འཛུགས་ཚོད་ལྟའི་རྟེན་གཞིར་ཤིང་སྡོང་མང་པོ་གྲང་ངར་ཁྲོད་སྐྱེ་འཚར་བྱུང་ནས་རིང་ཚད་སྨི་3ལྷག་ཙམ་ཟིན་ཞིང་། འགྲམ་གྱི་དྲོད་ཁང་དུ་ས་བཅུད་ཆེ་བའི་དོང་ཁུང་དུ་ཧ་ཅང་ཕྲ་བའི་ཤིང་རིགས་མང་པོ་བཙུགས་འདུག

ནག་ཆུའི་ཆ་སྙོམས་ས་བབ་མཐོ་ཚད་སྨི་4500ཡན་ཟིན་གྱི་ཡོད་པས་སྐྱེ་ཁམས་ཁོར་ཡུག་ཧ་ཅང་སྐྱོ་པོ་ཡོད། “རྩྭ་ལས་ཤིང་མི་སྐྱེ་བ”ནི་དེ་སྔ་འདི་གའི་གནས་ཚུལ་ངོ་མ་ཞིག་རེད། དེ་འདྲ་ཡིནའང་དེ་སྔོན་དུས་རབས་20པའི་ལོ་རབས་90ནས་བཟུང་ནག་ཆུ་ནགས་ལས་སོགས་འབྲེལ་ཡོད་སྡེ་ཚན་གྱིས་ཚན་རིག་དང་མཐུན་པའི་ཤིང་འཛུགས་སྟངས་འཚོལ་ཞིབ་བྱེད་འགོ་བཙུགས་པ་རེད།

ལོ་མང་ཚུན་དུ། ནག་ཆུ་གྲོང་ཁྱེར་གྱིས་ཆ་རྐྱེན་འཛོམས་པའི་གྲོང་ཁྱེར་དང་གྲོང་རྡལ་དུ་ཚན་རིག་དང་མཐུན་པའི་ཤིང་བཙུགས་པ་དང་། མིག་སྔའི་བར་ནག་ཆུ་གྲོང་ཁུལ་གྱི་སློབ་གྲྭ་དང་། ལས་ཁུངས། ཁྲོམ་གཞུང་སོགས་སུ་རིམ་རྩིས་བྱས་ན་ཤིང་སྡོང་རྐང་78405བཙུགས་པ་དང་ཆབས་ཅིག གྲོང་ཁྱེར་ཡོངས་ཀྱི་ས་བབ་མཐོ་ཚད་སྨི་4300མན་གྱི་ས་ཆར་ཤིང་སྡོང་རྐང་ཁྲི་33བཙུགས་ནས་གྲོང་ཚོ་257ལ་སྐྱེ་ཤིང་ཡོད་པར་བྱས་པ་རེད།

གྲོང་ཁྱེར་ཡོངས་སུ་ནགས་ལས་དང་རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོང་ལས་གནས་སུ་མི་28449བསྡུས་པ་དང་། རི་སྐྱེས་སྲོག་ཆགས་སྲུང་སྐྱོང་པ་དང་ཞིབ་དཔྱད་ཚད་ལེན་པའི་ལས་གནས་སུ་ཞིང་འབྲོག་ལས་མི་392བསྡུས་ནས་མི་རེར་ལོ་རེར་སོ་སོར་ཁ་གསབ་མ་དངུལ་སྒོར་3500དང་སྒོར་7200ཟིན་ཡོད་པ་རེད།

གྲོང་ཁྱེར་ཡོངས་སུ་མུའུ་ཁྲི་823.58ཟིན་པའི་སྤྱི་ཕན་ནགས་ལས་བདག་སྐྱོང་ཁྱབ་ཁོངས་སུ་བཅུག་པ་དང་། ངལ་ནུས་ཡོད་ཀྱང་ཁྱིམ་ཚང་སྐྱོ་བའི་མི་4102སྤྱི་ཕན་ནགས་ལས་བདག་སྐྱོང་བར་སྔོན་ལ་བསྡུས་པས། ལོ་རེར་མི་རེར་ཆ་སྙོམས་ཡོང་འབབ་སྒོར་10000ལྷག་ཙམ་འཕར་ཡོད་པ་རེད།

ཉེ་བའི་ལོ་ཤས་རིང་། ནག་ཆུ་གྲོང་ཁྱེར་གྱིས་ཀྲུང་ཧྭ་མི་རིགས་འཚོ་གནས་དང་འཕེལ་རྒྱས་ལ་ལེགས་སྐྱེས་འབུལ་བའི་ཆབ་སྲིད་ཀྱི་འགན་འཁྲི་རང་རྟོགས་ངང་ཕྲག་ཏུ་ཁུར་ནས། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་ཟམ་མི་ཆད་པར་བརྟན་དུ་གཏོང་བ་དང་། སྐྱེ་ཁམས་སྲུང་སྐྱོང་གི་ལས་དོན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ། རི་ཆུ་ནགས་ཞིང་མཚོ་རྩྭ་བྱེ་འཁྱགས་བཅས་ལ་ཆ་ལག་ཚང་བའི་བཅོས་སྐྱོང་མཐའ་འཁྱོངས་བཅས་བྱས་ཏེ། དགུང་སྔོན་དང་། ཆུ་དྭངས། ས་གཙང་བཅས་ཀྱི་སྲུང་སྐྱོང་དམག་འཐབ་ཡག་པོ་བརྒྱབ་པས་གནམ་གཤིས་ཡག་པོ་བསྟན་ཚད་90%ཡན་རྒྱུན་མཐུད་ཐུབ་ཡོད་པ་རེད།

མཐའ་བརྟན་མཐའ་དར་དམངས་ཕྱུག་གི་རྣམ་པ་གསར་པ་བཏོད་པ།

ནག་ཆུ་ནི་མཚོ་བོད་ས་མཐོའི་དབུས་སུ་གནས་པ་དང་འཐབ་ཇུས་ཆེན་པོའི་ལེགས་ཆ་ཧ་ཅང་གལ་ཆེན་ལྡན་པ་སྟེ། བྱང་མཚོ་སྔོན་དང་ས་སྦྲེལ་ཡིན་པ་དང་། ནུབ་ཏུ་ཤིན་ཅང་དང་ཐ་ན་ཨེ་ཤེ་ཡ་དབུས་རྒྱུད་དུ་སྦྲེལ་བ། ལྷོ་རུ་གཞིས་རྩེ་དང་ཐ་ན་ནེ་པ་ལར་སྦྲེལ་ཡོད་པ་མ་ཟད། ལྷ་ས་དང་། ཉིང་ཁྲི། ཆབ་མདོ། མངའ་རིས་བཅས་དང་སྦྲེལ་ཡོད། དེ་ནི་མཚོ་བོད་གཞུང་ལམ་དང་། མཚོ་བོད་ལྕགས་ལམ། གོར་ལྷ་སྣུམ་འདྲེན་མདོང་ལམ། ལན་ཀྲོའུ་དང་། ཟི་ལིང་། ལྷ་ས་བཅས་ཀྱི་འོད་སྐུད། མཚོ་བོད་ཐད་རྒྱུག་དྲ་སྦྲེལ་བཅས་བོད་ཀྱི“སྲོག་རྩ་ལྔའི”ལྟེ་གནས་ཡིན་པས་འགྲན་ཟླ་བྲལ་བའི་འགྲིམ་འགྲུལ་དང་ནུས་རྒྱུའི་ལེགས་ཆ་ལྡན་ཡོད། ས་བབ་མཐོ་བ་དང་། གསོ་རླུང་འདུས་ཚད་དམའ་བ། རླུང་གནོན་དམའ་བ། སྨུག་ཕྱིའི་འོད་ཀྱི་ཁྱབ་འགྱེད་ཆེ་བས་དངོས་རྫས་གསོག་འཇོག་དང་སྲུང་སྐྱོང་གི་དམིགས་བསལ་ལེགས་ཆ་ལྡན་ཡོད།

དེར་བརྟེན་མཐའ་བརྟན་མཐའ་དར་དམངས་ཕྱུག་གི་བྱ་སྤྱོད་ལ་རྨང་གཞི་ཡག་པོ་ཞིག་འདིང་བ་ནི་ནག་ཆུའི་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ལས་འགན་གལ་ཆེན་ཞིག་རེད་ལ། རྒྱལ་ཁབ་ཀྱི་མཐའ་བརྟན་མཐའ་དར་དམངས་ཕྱུག་གི་བྱ་སྤྱོད་ཀྱི་དཔེ་སྟོན་ཁུལ་ནུས་ཤུགས་ཡོད་རྒུས་གཏོད་པའི་རྨང་གཞི་དང་འགག་རྩ་ཡང་རེད།

ཉེ་བའི་ལོ་ཤས་རིང་། ནག་ཆུའི་དཔལ་འབྱོར་མགྱོགས་མྱུར་འཕེལ་རྒྱས་ཕྱིན་པ་དང་གཙོ་གནད་རྣམ་གྲངས་དང་ལྷག་པར་དུ་རྨང་གཞིའི་སྒྲིག་བཀོད་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་ཕྱིན་ཡོད།

G6ཅིང་བོད་མྱུར་བགྲོད་གཞུང་ལམ་ནག་ཆུ་ནས་ལྷ་ས་བར་གྱི་དུམ་བུར་རླངས་འཁོར་ཤར་གཏོང་ཐུབ་ནས། ནག་ཆུ་ལྷ་ས་ལྟེ་བར་བྱས་པའི“ཆུ་ཚོད་གསུམ་གྱི་དཔལ་འབྱོར་ཁུལ”དུ་མཉམ་འདྲེས་ཐུབ་ཡོད།

G345སྙན་རོང་དང་མཚོ་སྔོན་སྦྲེལ་མཚམས་ཀྱི་གཞུང་ལམ་སྒྱུར་བཀོད་ལས་གྲྭ་ལེགས་གྲུབ་བྱུང་བ་དང་འབྲེལ་རླངས་འཁོར་ཤར་གཏོང་ཐུབ་པ་དང་། G349དཔལ་འབར་རྫོང་བརྒྱུད་ལྷ་རི་རྫོང་ནས་མལ་གྲོ་གུང་དཀར་བར(ནག་ཆུའི་དུམ་བུ)གྱི་སྒྱུར་བཀོད་ལས་གྲྭ་གཞི་རྩའི་ཆ་ནས་ལེགས་གྲུབ་ཟིན་ཡོད།

ཁྱོན་མ་དངུལ་སྒོར་དུང་ཕྱུར་4.7བཏང་བའི་ཀྲེ་ཅང་བོད་སྐྱོར་རྣམ་གྲངས་ཀྱི་ནག་ཆུ་དང་ལྷ་སའི“ས་གྲོལ་དཔལ་འབྱོར”ཐོན་ལས་གླིང་སྒོ་ཕྱེ་ཡོད།

རྒྱང་ལམ་གསར་པར་འབད་འབུངས་མདུན་སྐྱོད་བྱས་ཏེ་དུས་རབས་གསར་པར་བྱས་རྗེས་འཇོག་དགོས། ནག་ཆུའི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་དམིགས་ཚད་དང་ཁ་ཕྱོགས་གཏན་འཁེལ་བྱས་ཏེ། འབད་འབུངས་ཡར་བརྩོན་དང་བརྩོན་པ་ལྷོད་མེད་ཀྱི་ངར་ཤུགས་ལ་བརྟེན་ནས་བོད་ཀྱི་ས་བབ་མཐོ་ཤོས་ཀྱི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དཔེ་སྟོན་གྲོང་ཁྱེར་འཛུགས་སྐྲུན་གྱི་རྒྱང་ལམ་དུ་གོམ་ཞིང་ཆེན་པོས་བསྐྱོད་དེ་གཡུར་ཟའི་གྲུབ་འབྲས་ལ་བརྟེན་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་བཞིན་ཡོད།