གངས་འདབས་ཀྱི་དབེན་གནས་དམ་པ་གཡུ་འབྲུག་དགོན་པའི་མཚར་ཉམས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-04-01   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།


        ཟླ་གསུམ་པའི་ཟླ་མཇུག་ཏུ་ང་ཚོ་གསར་འགྱུར་བཅར་འདྲི་ཚོགས་པ་བདེ་ཆེན་རྫོང་གི་དགོན་སྡེ་ཁག་ཏུ་བཅར་འདྲིར་བསྐྱོད་པའི་གོ་སྐབས་བྱུང་བ་དང་དུས་ཡུན་ཉིན་བཞིའི་ནང་བདེ་ཆེན་རྫོང་གི་ཧྥོ་ཧྲན་ཤང་དང་། ཡུན་ལིང་ཤང་། ཡན་མེན་ཤང་བཅས་ཀྱི་དགོན་ཁག་བདུན་ལ་བསྐྱོད་ནས་དགོན་པ་རེ་རེའི་གནང་དེང་ལོ་རྒྱུས་དང་ད་ལྟའི་འཕེལ་རྒྱས་ཀྱི་གནས་ཚུལ། ཡང་དག་པའི་སྲིད་ཇུས་ཀྱི་མགོ་ཁྲིད་འོག་རྒྱལ་གཅེས་ཆོས་གཅེས་ཀྱི་བྱེད་སྒོ་རབ་དང་རིམ་པ་སྤེལ་བའི་གནས་ཚུལ་སྐོར་ལ་རྒྱུས་ལོན་ཟབ་མོ་བྱུང་།  དགོན་དེ་དག་གི་ནང་དུ་སྔ་འགྱུར་རྙིང་མའི་དགོན་པ་དང་། བཀའ་བརྒྱུད་དང་དགེ་ལུགས་གྲུབ་མཐའི་དགོན་པ་མང་དུ་མཆིས་ཤིང་། དེ་དག་ཀྱང་བལྟས་ན་སྲིད་པའི་གངས་རི་ཡི་རྩེ་མོ་མཐོང་ས། གངས་ཀྱི་ཆུ་བོའི་ལྷུང་ལྷུང་སྙན་པའི་སྒྲ་ཐོས་ས། གདོད་མའི་ནགས་ཀླུང་གིས་ཡོངས་སུ་བསྐོར་བའི་གནས་ཁྱད་དུ་འཕགས་པ་ན་བརྗིད་ཆགས་པར་བཞུགས། དགེ་བའི་བཤེས་གཉེན་དང་མཁན་པོ་དགེ་འདུན་དག་ནས་སྙིང་རུས་མ་ཆུང་བར་མདོ་སྔགས་རིག་གནས་དང་བཅས་པ་ལ་ཐོས་བསམ་སྒོམ་གསུམ་བྱེད་བཞིན་པར་འཆམ་མཐུན་གྱི་རྣམ་པ་བཟང་བོ་ཞིག་ཆགས་ཡོད།  

▲བདེ་ཆེན་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་གཡུ་འབྲུག་དགོན་པར་གནང་བའི་མཚན་སྙན་གྱི་དཔང་རྟགས།

        ཐོག་མར་དགོན་འདིའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་གླེང་བ་ལ། སྔར་གྱི་དུས་སུ་གནས་འདི་ནི་ཕྱོགས་ཐམས་ཅད་གངས་རི་དང་རྫ་རི། ནགས་རིས་བསྐོར་ཞིང་། མཚམས་དང་མཚམས་སུ་གངས་ཆབ་ཟེགས་མ་ལྷང་ལྷུང་དུ་བཞུར་བའི་གནས་མཆོག་ཅིག་ཡིན་པ་ལ།   རབ་བྱུང་གསུམ་པའི་སྟོད་ཙམ་ལཀཿཐོག་པ་རོང་པོ་ཐོས་ཆོག་རྣམ་གསུམ་ཡུལ་འདིར་ཞབས་ཀྱིས་བཅགས་ཤིང་། སྤྱི་ལོ1403གྱི་དུས་སུ་ཁ་བ་དཀར་པོ་ནམ་མཁའ་ཆོས་ཀྱི་རྒྱལ་མཚན་གྱིས་གནས་འདིར་སྒྲུབ་སྡེར་བཏབ། བཤད་སྲོལ་ལ་དགོན་པའི་ཞབས་ལ་ཆོས་རྒྱལ་མྱ་ངན་མེད་ཀྱི་དུས་ནས་བཞེངས་པའི་མཆོད་རྟེན་བྱིན་རླབས་ཅན་ཞིག་ཡོད་ཅིང་མི་ལོ་ཉིས་སྟོང་བརྒྱད་བརྒྱ་ལྷག་འགོར་རབས་བཤད། དགོན་པའི་ཤར་ཕྱོགས་དང་ཐག་ཅུང་རིང་བའི་ས་ན་མ་བཅོས་པའི་མཚོ་ལྔ་ཞེས་པ་ས་ཕྱོགས་གཅིག་ན་མཚོ་ཁ་དོག་སྣ་ལྔ་ཅན་འདུས་པས་གནས་ཁྱད་པར་ཅན་དུ་བསྔགས། ཀཿཐོག་ཕྱིས་རབས་པ་རྒྱལ་སྲས་ཨོ་རྒྱན་བསྟན་འཕེལ་གྱིས་ཕྱི་ལོ་1769ལོར་རི་ཁྲོད་འདི་རྒྱ་ཆེར་བསྐྱེད་དེ་དགོན་པ་བཞེངས། བསྟན་པའི་མངའ་བདག་རིག་འཛིན་རྒྱ་མཚོ་ནི། རབ་བྱུང་བཅུ་གཉིས་པའི་ཕྱེད་ཙམ་སྐུ་འཁྲུངས་ཤིང་རིམ་གྱིས་འདིར་དགོན་བདག་ཕེབས། དེའི་སྤྲུལ་སྐུ་འཆི་མེད་དབང་པོ་སྡེ།  དེ་ནས་ཀུན་བཟང་བསྟན་འཛིན། བཤད་སྒྲུབ་ཆོས་ཀྱི་ཉི་མ། བསོད་ནམས་རྒྱ་མཚོ་སོགས་བརྒྱུད་ནས་ད་ལྟ་མཆོག་སྤྲུལ་འཇིགས་མེད་ཚེ་རིང་རྒྱ་མཚོ་བཅས་རིམ་པར་བྱོན་ཏེ་སྔར་གྱི་རི་ཁྲོད་དུ་ཉམས་ལེན་པ་རེ་འགའ་ཙམ་ལས་ད་ནི་བསམ་གྱིས་མི་ཁྱབ་པའི་འཕེལ་རྒྱས་གསར་བ་བྱུང་ནས་ད་ལྟའི་དུས་ལ་གཡུ་འབྲུག་དགོན་པ་འདི་ནི་ཡུན་ནན་ཞིང་ཆེན་གྱི་ཁོངས་སུ་སྔ་འགྱུར་རྙིང་མའི་དགོན་པ་ཆེ་ཤོས་སུ་གྱུར་ཡོད།  


▲ཐོས་བསམ་སྒོམ་པའི་ལས་ལ་ལེགས་པར་འཇུག

        བདེ་ཆེན་རྫོང་གཡུ་འབྲུག་འོད་གསལ་ཨོ་རྒྱན་དགོངས་འདུས་བསྟན་འཕེལ་ཆོས་གླིང་འདི་ནི་ཡུན་ནན་བདེ་ཆེན་རྫོང་ཡན་མེན་ཤང་ཞབས་བདེའི་རུ་ཁག་གི་མཁྲིག་མའི་ཡུལ་ཚོར་གནས་ཡོད་ཅིང་། ཤང་སྲིད་གཞུང་ནས་དགོན་པ་བར་དུ་སྤྱི་ལེ29ཡོད། གནས་ཆེན་ཁ་བ་དཀར་པོའི་ཤར་སྒོ་ལྟ་བུར་ཆགས་ཤིང་གསེར་ལྡན་རང་བྱུང་ཅན་གྱི་གཡུ་འབྲུག་བརྗིད་པའི་ཁྲི་སྟེང་ན་བཞུགས་པས་ས་དཔྱད་ཀྱིི་གཡང་འཛོམས་པ་ལས་གཡུ་འབྲུག་དགོན་ཞེས་མིང་ཐོགས་ཤིང་ཉམས་དང་རྟོགས་པ་འཕེལ་སའི་གནས་མཆོག་ཅིག་ཡིན།  ལྷག་པར་ཟླ་གསུམ་པའི་ཟླ་མཇུག་ནི་གྲོང་ཚོ་དང་དགོན་པའི་ཉེ་འཁོར་ཀུན་དུ་ཁམ་བུའི་མེ་ཏོག་རྣམ་པར་བཞད་པའི་དུས་ལ་འཁེལ་ཡོད་པས་ཡིད་ཀྱི་སྣང་བ་འདྲེན་པའི་ཚོར་བ་དྲག་ཏུ་སྟེར་བར་བྱེད། སྤྱི་ལོ1982ལོར་སླར་དགོན་གསར་བཞེངས་དུས་ཕྱོགས་གང་ཅིའི་ཐད་ནས་ཆ་རྐྱེན་ཞན་པོ་ཡོད། སྐབས་ཐོག་དེར་ས་གནས་སྲིད་གཞུང་གིས་དགོན་པའི་འཛུགས་སྐྲུན་ཐད་སྒོར་ལྔ་བརྒྱའི་རོགས་རམ་གནང་།    དེ་དུས་ཆུ་དང་གློག ལམ་སོགས་ཀྱི་གནས་ཚུལ་ཞན་པོ་ཡོད། གནས་འདི་ས་བབ་མཐོ་བ་དང་འགྲིམ་འགྲུལ་སྟབས་མི་བདེ་བའི་དཀའ་ངལ་ཡོད་ནའང་ལོ་ངོ་བཞི་ཅུའི་རིང་ལ་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་མ་དངུལ་གྱི་རོགས་སྐྱོར་གང་ལེགས་གནང་ནས་དགོན་པ་ལ་བསམ་གྱིས་མི་ཁྱབ་པའི་འཛུགས་སྐྲུན་བྱས་ཏེ་འཕེལ་རྒྱས་འདི་འདྲ་བྱུང་ཡོད་པ་ཡང་སྲིད་གཞུང་གི་བཀའ་དྲིན་རེད། མགོ་ཁྲིད་རིམ་པའི་ཐུགས་ཁུར་དང་རྒྱབ་སྐྱོར་ལ་བརྟེན་ནས་ད་ལྟ་གཡུ་འབྲུག་དགོན་པའི་འདུ་ཁང་དང་གྲྭ་ཤག ཆུ་དང་གློག   ལམ་སོགས་ལ་གནས་ས་ལྟ་བུའི་འགྱུར་ལྡོག་བྱུང་ཡོད་ཅིང་། དགོན་པའི་སྒོ་ཆེན་གྱི་མདུན་དུ་སྣུམ་ལམ་ལས་གྲུབ་པའི་རླངས་འཁོར་འཇོག་ས་ཡང་བཟོས་ཡོད། སྔར་གྱི་རི་ཁྲོད་ནི་ད་ལྟ་འཕེལ་རྒྱས་བྱུང་ནས་མུའུ་300ལྷག་ཡོད་པའི་དགོན་སྡེ་ཞིག་ཏུ་གྱུར་ཡོད་ཅིང་། ཉེ་ཆར་དགོན་པ་འདིར་ཐོག་བརྩེགས་ལྔ་ཅན་གྱི་འདུ་ཁང་ཆེན་མོ་ཞིག་གསར་དུ་བཞེངས་བཞིན་པའི་སྒང་ཡིན་པ་ལ། ཡུན་ནན་ཞིང་ཆེན་སྲིད་གཞུང་དང་བདེ་ཆེན་ཁུལ་བཅས་འབྲེལ་ཡོད་སྡེ་ཁག་གིས་སྒོར་ཁྲི100ཡི་རོགས་སྐྱོར་གནང་ཡོད། དེར་མ་ཟད་གོང་རིམ་སྲིད་གཞུང་གི་རྒྱབ་སྐྱོར་འོག་གཙང་ཞིང་གྲལ་འགྲིག་པའི་གྲྭ་ཤག་བསྐྲུན་ནས་འཚོ་སྡོད་ཀྱི་ཆ་རྐྱེན་ཇེ་ལེགས་སུ་བཏང་ཡོད།  

▲བཞེངས་བསྐྲུན་བྱེད་བཞིན་པའི་འདུ་ཁང་ཆེན་མོ།

        གཡུ་འབྲུག་དགོན་པ་ནི་སྔར་གྱི་དུས་ལ་ཉམས་ལེན་པ་འགའ་དང་མཚམས་པ་འགའ་ཡོད་པའི་རི་ཁྲོད་ཅིག་ལས།   ད་ལྟའི་དུས་ལ་མཁན་པོ13དང་གྲྭ་བ105ཡོད་པའི་དགོན་སྡེ་ཆེ་ཤོས་ཤིག་ཏུ་གྱུར་ཡོད། དགོན་སྡེའི་ནང་དུ་རྒྱུད་སྡེ་བཤད་སྒྲུབ་ནོར་བུའི་སྙིང་པོ་ཀུན་མཁྱེན་ཆོས་ཀྱི་རྒྱ་མཚོ་དགྱེས་པའི་དགའ་ཚལ་ཞེས་པའི་འཛིན་གྲྭ་བཙུགས་ཡོད་ཅིང་མཁན་པོ་5་ནས་སློབ་བུ་60ལྷག་ལ་སློབ་ཁྲིད་ཀྱི་རྒྱུན་བསྐྱོངས་བཞིན་ཡོད།


▲མེས་པོའི་ཕྱག་རྒྱུན་ཡིག་གཟུགས་སྦྱོང་ལ་བྲེལ།

        དགོན་པའི་ནང་དུ་བོད་ཀྱི་ཡིག་གཟུགས་འབྲི་རིགས་སྣ་ཚོགས་སྦྱང་བརྩོན་འགྲན་པའི་ཕྱག་སོར་འདུ་བྱེད་རི་མོའི་སྲོལ་བཟང་ཡང་སློབ་སྦྱོང་བྱེད་དང་བྱེད་མུས་མཆིས། རྙིང་མའི་དགོན་པ་ཆེ་ཤོས་དང་གྲྭ་བཙུན་མང་བའི་ཁྱད་ཆོས་བཅས་ལ་དམིགས་ནས་དགོན་པ་འདི་ལ་བདེ་ཆེན་བོད་བརྒྱུད་ནང་བསྟན་གྱི་ཡན་ལག་སློབ་གྲྭ་ཡང་བཙུགས་ཡོད་པ་དང་། གྲྭ་བ་ཚོགས་དེང་གི་ཁྲིམས་ལུགས་ཁྲིམས་སྲོལ་དང་། རྒྱལ་ཁབ་ཀྱི་སྤྱི་སྐད། ཚན་རྩལ་རིག་གནས། བདེ་ཐང་ཤེས་བྱ་སོགས་སློབ་སྦྱོང་བྱེད་ཀྱི་ཡོད་པ་མ་ཟད། ལྷག་པར་ཡི་གེ་འབྲི་ཚུལ་ནས་སུམ་རྟགས་སྙན་ངག་བརྡ་སྤྲོད་དང་བཅས་པའི་གཞུང་ལ་སྦྱང་བ་ལྷུན་ལེན་བྱེད་ཀྱི་ཡོད། ལྷག་པར་བརྡ་འཕྲིན་དུས་རབས་ནང་གྲྭ་བ་རྣམ་པ་ཚོས་ཀྱང་དྲྭ་ཐོག་ནས་གསར་འགྱུར་ཀློག་པ་དང་། ཤེས་བྱ་སྦྱོང་བ། ཚོང་ཟོག་ཉོ་བ་སོགས་བསམ་བློའི་ཕྱོགས་ནས་དུས་བསྟུན་མདུན་བསྐྱོད་བྱས་ཏེ་འཚོ་བར་འགྱུར་ལྡོག་མངོན་གསལ་བྱུང་ཡོད།  

▲སྒྲུབ་གནས་ཁྱད་པར་བ་གཡུ་འབྲུག་དགོན་པའི་མཁན་པོ་འགའི་མཉམ་པར། 

        འདིར་རིག་པའི་གནས་ལ་མཁས་པའི་མཁན་པོ་13ཡོད་པས་ལས་དཔེར་མཚོན་ཙམ་དུ་བཀོད་ན། མཁན་པོ་ཀུན་དགའ་རྣམ་རྒྱལ་ལགས་ནི་སྤྱི་ལོ1974ལོར་བདེ་ཆེན་རྫོང་ཡན་མེན་ཤང་ཞབས་བདེའི་རུ་ཁག་མཁྲིག་མའི་ཡུལ་དུ་སྐྱེས་ཤིང་། རང་ལོ་11སྟེང་རྒྱ་བོད་ཡིག་རིགས་འདྲེས་མའི་སྐད་སྦྱངས་ཏེ་ལོ་18སྐབས་རང་དགོན་དུ་གྲྭ་དཀྱུས་མའི་ཚུལ་དུ་ཞུགས་པ་དང་། ལོ19ཐོག་སི་ཁྲོན་ཀ་ཐོག་རྒྱུད་སྡེ་བཤད་གྲྭར་མི་ལོ11རིང་གཞུང་ཆེན་ལྔ་གཙོས་པའི་མདོ་སྔགས་རིག་གནས་བཅས་ལ་སྦྱང་ནས་མཁན་མིང་ཐོབ། ལོ་ངོ་དུ་མའི་རིང་གི་བསླབ་པ་དོན་དུ་གཉེར་ནས་འབད་བརྩོན་དང་། རྒྱལ་ཁབ་ཀྱི་ཁྲིམས་ལུགས་བརྩི་སྲུང་སོགས་རྒྱལ་གཅེས་ཆོས་གཅེས་ཀྱི་ལས་ལ་གཞོལ་བས་སྤྱི་ལོ2002ལོ་ནས་གཡུ་འབྲུག་དགོན་པའི་དོ་དམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གྱི་འགན་བཞེས་ཡོད་ཅིང་། ཐོས་བསམ་སྒོམ་གསུམ་གྱི་ལས་ལ་གཞོལ་བཞིན་ཡོད།   

▲གྲལ་འགྲིག་ཅིང་གཙང་མ་ཡིན་པའི་གྲྭ་ཤག
        རིག་གནས་ཀྱི་ཕྱོགས་ནས་ཡིན་ན་ཡང་རྒྱལ་ཁབ་ཀྱི་བཀའ་དྲིན་ལ་བརྟེན་ནས་ཡར་རྒྱས་ཕྱིན་ཡོད་ལ།  བླ་མ་དང་གྲྭ་བ་སུ་ཡིན་ཡང་རྒྱལ་ཁབ་ལ་ངོ་ལོག་དང་ཟང་ཟིང་བཟོ་བའི་གནས་ཚུལ་ཅི་ཡང་བྱུང་མེད། དགོན་པའི་གྲྭ་བ་ཚོས་ཀྱང་གཟའ་འཁོར་རེ་རེའི་ནང་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་འགྱུར་བའི་སློབ་སྦྱོང་སྐོར་ལ་སྦྱང་བ་ནན་ཏན་དུ་བྱེད་བཞིན་པ་ལ་སྲིད་གཞུང་གིས་ཉིན་རེར་གཟབ་སྦྱོང་བྱེད་པར་གྲྭ་བ་རེ་ལ་སྒོར་བཅུ་རེའི་གླ་ཕོགས་སྤྲོད་ཀྱི་ཡོད།  

        རྒྱལ་ཁབ་དར་ཞིང་དང་མི་དམངས་བདེ་སྐྱིད་ལྡན་པ། སྤྱི་ཚོགས་འཕེལ་རྒྱས་བྱུང་བའི་སྐོར་ལ། དགོན་པའི་གྲྭ་བཙུན་ཚོས་ཀྱང་དོན་དངོས་སྒྲུབ་པའི་བྱ་སྤྱོད་སྟེང་ནས་ཐོག་མཐའ་བར་གསུམ་དུ་བྱེད་སྒོ་རབ་དང་རིམ་པའི་ནང་ཞུགས་ཡོད་པ་སྟེ། དགོན་འདིའི་འགན་འཛིན་མཁན་པོ་ཀུན་དགའ་རྣམ་རྒྱལ་ལགས་ནས། སྤྱིར་བཏང་གཡུ་འབྲུག་དགོན་པ་ནི་སྲིད་གཞུང་གི་ཁྲིམས་ཡང་དག་པའི་ལམ་འོག་ཏུ་འཇུག་ཏེ་ནམ་དུ་ཡང་རྒྱལ་ཁྲིམས་དང་ཆོས་ཁྲིམས་ག་ས་གང་ཐད་དུ་གཅེས་སྲུངས་ལེགས་པར་བྱེད་པ་ཞིག་ཡིན། མདོར་ན་དགོན་པའི་གཞི་འཛིན་ནས་བཟུང་སྟེ་རྒྱལ་ཁབ་དང་ཏང་ལ་མི་མཐུན་པའི་བྱ་བ་ནི། སྔོན་ཆད་སྒྲུབ་མ་མྱོང་ལ་ད་ལྟ་གང་གི་དུས་སུ་ཡང་བྱེད་མྱོང་མེད། བྱེད་དགོས་བསམ་པའང་དྲན་མྱོང་མེད།   གོང་རྩ་ཁྲིམས་དང་ནང་ཆོས་ལུགས་དང་མཐུན་པའི་བྱ་གཞག་ཅི་རིགས་གཉེར་བ་ལ་བརྟེན་ནས་2021ལོར་བདེ་ཆེན་ཁུལ་ཏང་ཨུ་སྲིད་གཞུག་གིས་གཡུ་འབྲུག་དགོན་པར་འཆམ་མཐུན་གྱི་དགོན་པ་ཞེས་པའི་མཚན་སྙན་དཔང་ཡིག་དང་བཅས་པ་སྤྲད་ཡོད། ལོ་རིམ་བཞིན་དུ་དགོན་པ་སྤྱིའི་གྲྭ་བ་ཡོངས་རྫོགས་ནས། ལམ་འཕྲང་བཅོས་བ་དང་། ཤིང་རིགས་བཙུགས་པ། གད་སྙིགས་བསྡུས་བ་སོགས་ཁོར་ཡུག་སྲུང་སྐྱོང་གི་བྱ་བ་རྣམས་ཆད་མེད་དུ་སྒྲུབ་བཞིན་ཡོད་ལ། དགོན་པའི་ནང་དུའང་རྩ་ཁྲིམས་དང་ཆོས་ཁྲིམས་གཉིས་ཀར་མཐུན་པའི་འཕྲོད་བསྟེན་གཙང་སྦྲ་དང་ཁོར་ཡུག་སྲུང་སྐྱོང་། སྒྲིག་ལམ་ལེགས་པར་བརྩི་རྒྱུའི་བཀའ་རྒྱ་ནན་མོ་སྦྱར་ཡོད། 

▲རང་བྱུང་ཁམས་ལ་གཅེས་པ་ཀུན་གྱི་མཆོག

        ང་ཚོ་བཅར་འདྲི་ཚོགས་པ་ལས་ཡུལ་དངོས་སུ་ཐོན་དུས་ཀྱང་གྲྭ་བ་འགའ་རེས་ལྗོན་པའི་ནང་དུ་ཆུ་གཏོང་བ་དང་།   ཡང་ལ་ལས་གྲྭ་ཤག་ནང་དུ་གཙང་ཕྱགས་བྱེད་བཞིན་འདུག ཡང་ལ་ལས་སྐྱོར་སྦྱོར་གྱི་ལས་ལ་བརྩོན་བཞིན་པ་དང་ལ་ལས་བསླབ་པ་སློབ་གཉེར་གྱི་སྐོར་ལ་བསམ་ཚུལ་བརྗེ་རེས་དང་ཉམས་མྱོང་སྐོར་འབྲེལ་འདྲིས་བྱེད་བཞིན་པ་མཐོང་། མཁན་སྤྲུལ་རྣམས་ཀྱིས་ཀྱང་མཚམས་མཚམས་སུ་ཆོས་དང་མཐུན་པའི་གནས་ལུགས་སྨྲ་བ་དང་། ཡང་མཚམས་མཚམས་སུ་རྒྱལ་ཁྲིམས་ཀྱི་སྐོར་ལ་དོ་དམ་དང་སྲུང་སྐྱོང་ནན་མོ་མཛད་དགོས་ཚུལ། རང་བྱུང་ཁོར་ཡུག་ལ་སྲུང་སྐྱོབ་དང་རི་དྭགས་མི་རྔོན་པ། འགལ་ཟླ་སྤང་ནས་ཚུལ་མཐུན་ལུགས་མཐུན་གྱི་མི་བུ་ཞིག་བྱེད་པའི་ཁ་བརྡ་སློབ་གསོ་ལ་ཆགས་ཡང་མེད་ཅིང་། ལྷག་པར་རང་སྡེའི་ཉམས་ཐག་ཅན་གྱི་ནད་པ་དང་འཚོ་བ་དཀའ་ངལ་ཆེ་བའི་ཞིང་པ་ལ་ཅི་ནུས་ཀྱིས་རོགས་རམ་གནང་ནས་དཀར་པོ་དགེ་བའི་ལས་སྒྲུབ་བཞིན་ཡོད།  

▲ཡན་མེན་ཤང་ཞབས་བདེ་གྲོང་ཚོའི་ཏང་སྤྱི་ཁྱབ་ཀྲི་པུའུ་ཧྲུའུ་ཅི་ཀརྨ་དོན་འགྲུབ་ལཊ་ཀྱིས་
ལོ་གསར་གྱི་སྔོན་དུ་དགོན་པའི་ནང་དུ་འཚམས་འདྲིའི་མ་དངུལ་དང་སྔོ་ཚོད་བསྐྱལ་ནས་ཕན་ཚུན་བར་སེམས་གཏམ་བརྗོད་པ།

        ཡན་མེན་ཤང་ཞབས་བདེ་གྲོང་ཚོའི་ཏང་སྤྱི་ཁྱབ་ཧྲུའུ་ཅི་ཀརྨ་དོན་འགྲུབ་ཀྱིས་བཤད་ན་ང་ཚོ་གྲོང་ཚོ་ཨུ་ལྷན་གྱིས་ལོ་གསར་གྱི་སྔོན་ལ་ཏང་གི་དྲོད་སྣང་དགོན་པར་བསྐྱལ་བའི་བྱེད་སྒོ་སྒྲུབ་ཡོད་ཅིང་གཡུ་འབྲུག་དགོན་པར་འབྲས་སྒྱེ་མོ30བསྐྱལ་ནས་སེམས་ཁུར་མཚོན་པར་བྱས་ཡོད་ལ། གཞན་ཡང་སྐབས་ཐོག་ཏུ་གྲྭ་བཙུན་གྱི་འཚོ་བའི་གནས་ཚུལ་ལ་རྒྱུས་ལོན་བྱས་ནས་ཐེངས་མང་པོར་སིལ་ཏོག་དང་སྔོ་ཚོད། འཚམས་འདྲིའི་མ་དངུལ་བཅས་ཀྱང་གནང་ཡོད། ཉེ་བའི་ཆར་གཙོ་བོ་དགོན་པའི་ནང་དུ་དྲིལ་བསྒྲགས་སློབ་གསོ་སྤེལ་བ་ན་རྒྱ་ཆེའི་གྲྭ་བཙུན་ཚང་མས་ཀྱང་རང་རེའི་རྒྱལ་ཁབ་ཀྱི་སྲིད་ཇུས་ལ་ངོས་འཛིན་དང་ཁས་ལེན་ཡག་པོ་བྱུང་ཡོད་ཅིང་། ཏང་གི་སྲིད་ཇུས་ལ་སྲུང་སྐྱོང་གང་ལེགས་བྱེད་པའི་བསམ་འདུན་བསྟན་ཡོད།