རྒྱལ་གཅེས་ཆོས་གཅེས་ཀྱི་སྤྱོད་བཟང་མ་བོར་བའི་ཡོན་ཏན་དགོན།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-03-31   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།



▲ཡོན་ཏན་དགོན་གྱི་ཕྱིའི་བཀོད་པ།

        གངས་རི་གནམ་ལ་ཟུག་ཤིང་བཤོལ་ཆུ་ལྷུང་ལྷུང་འབབ་པའི་ལོགས་གཉིས་སུ་འཚོ་བའི་གཏེར་མ་རོང་ནི་གནའ་ནས་ད་བར་དུ་སྙིང་སྟོབས་ཅན་གྱི་སྐྱེས་ཆེན་དམ་པ་དང་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་རྨད་བྱུང་མཛད་རྗེས་བཞག་བའི་རྒྱལ་གཅེས་ཀྱི་དཔའ་བོ་འཁྲུངས་སའི་གནས་ཡུལ་ཁྱད་པར་ཅན་ཞིག་ཡིན་ཏེ།  དུས་ད་ལྟའང་གཏེར་མ་རོང་གི་སྙིང་སྟོབས་ཞེས་ཀུན་གྱི་བསྟོད་པའི་གཞི་ཞིག་ཏུ་གྱུར་ཡོད་པ་རེད། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ནས་སྤྱི་ལེ་180ཡས་མས་སོང་ན་ད་བཟོད་ཡོན་ཏན་དགོན་པར་ཐོན་ཐུབ། དགོན་པར་ཐོན་མ་ཐག་ཐོག་མར་ང་ཚོའི་མིག་ལ་ཐོགས་ཡོང་བ་ནི་བཤོལ་ཆུའི་ཕར་ཁའི་སྒང་ཁ་ན་བརྗིད་ཀྱིས་ཆགས་ཡོད་པའི་དགོན་པའི་ཕྱིའི་བཀོད་པ་ཡིན་ཏེ། མཐོ་ཞིང་བརྗིད་པའི་འདུ་ཁང་དང་གསར་འོད་ལམ་ལམ་གྱི་རྒྱབ་ཕིབས། དེ་མིན་དགོན་པའི་ར་སྐོར་གྱི་དཀྱིལ་ན་ཀྲོང་ངེར་ལངས་ཤིང་དྲོད་འཇམ་རླུང་གིས་དལ་གྱིས་བསྐྱོད་བཞིན་པའི་སྐར་ལྔའི་དར་དམར་སོགས་ཀྱི་བྱ་དངོས་དེ་དག་རེད།

        རི་ཁྲོད་ནས་དགོན་སྡེར་འཕེལ་རྒྱས་བྱུང་བའི་དགོན་པ།

        ཡོན་ཏན་དགོན་ནི་གཏེར་མ་རོང་དབུས་རྒྱུད་ཀྱི་བཤོལ་ཆུའི་འགྲམ་དུ་ཆགས་ཡོད་ལ། ཆོས་ལུགས་གྲུབ་མཐའ་ཕྱོགས་ནས་བཤད་ན་རྙིང་མ་བའི་དགོན་པ་ཞིག་ཡིན་པ་རེད། མིང་གོ་དུས་རབས་སུ་སྔགས་རྩ་པདྨ་བསྟན་འཛིན་རིན་པོ་ཆེ་སྐུ་ཕྲེང་བཞི་བ་དང་བྱང་ཚུལ་ཁྲིམས་རྒྱ་མཚོ་སྐུ་ཕྲེང་གསུམ་པ་གཉིས་ཀྱིས་གཏེར་མ་རོང་གི་ཡུལ་འདིར་ཆོས་ཀྱི་འཕྲིན་ལས་རྒྱ་ཆེར་སྤེལ་ཞིང་།1948ལོར་ཁོང་བུ་སློབ་གཉིས་ཀྱིས་དགོན་པ་རྒྱ་ཇེ་ཆེར་བཏང་ནས་སྔོན་གྱི་རི་ཁྲོད་ཅིག་ནས་དགོན་སྡེ་ཞིག་ཏུ་འཕེལ་རྒྱས་དང་གོང་འཕེལ་བཏང་ལ། 1982ལོར་རྒྱལ་ཁབ་ཀྱིས་སྔོན་གྱི་དགོན་སའི་སྟེང་སྤྱི་ཡོངས་ནས་ཞིག་གསོ་དང་བསྐྱར་སྐྲུན་བྱས་ནས་དུས་ད་ལྟའི་དགོན་སྡེ་ཆེན་པོ་འདི་འདྲ་ཞིག་ཏུ་བསྒྱུར་བ་རེད། ད་ལྟ་དགོན་པའི་རྒྱ་ཁྱོན་ལ་ས་མུའུ་6.5དང་བསྡོམས་པས་གྲྭ་བཙུན་82ཡོད་ལ། དེའི་ཁྲོད་ཇོ་མོ་12ཡོད་པ་རེད། དགོན་པའི་འཛུགས་སྐྲུན་ལ་སྲུང་མའི་ལྷ་ཁང་དང་བྱམས་པའི་འདུ་ཁང་། སྣེ་ལེན་ཁང་། སྨན་པ་གྲྭ་ཚང་། གྲྭ་ཤག་45བཅས་ཡོད།   

        དགེན་པདྨ་རྡོ་རྗེ་ནི་ཡོན་ཏན་དགོན་གྱི་ཀྲུའུ་རེན་ཡིན་ལ། ཁོང་གིས་ངོ་ཚོ་སྔ་ཕྱི་བྱས་ནས་དགོན་པའི་ཇ་ཁང་དང་གྲོས་ཚོགས་ཁང་། འདུ་ཁང་སོགས་སུ་ཁྲིད། ལོ་འདི་དག་རིང་རྒྱབ་ཁྱབ་ཀྱིས་དགོན་སྡེ་འཛུགས་སྐྲུན་ལ་ཤུགས་སྣོན་ཆེན་པོ་རྒྱབ་པས་ཡོན་ཏན་དགོན་པའི་འཚོ་བར་ཡང་འགྱུར་ལྡོག་ཆེན་པོ་བྱུང་ཡོད་དེ།  གཙང་ཞིང་གྲ་དག་ལ་དེང་རབས་ཀྱི་གྲོང་ཁྱེར་འཚོ་བའི་ཆ་རྐྱེན་འཛོམས་པའི་ཇ་ཁང་དང་མཐོ་ཞིང་བརྗིད་པའི་ཚོགས་ཆེན་འདུ་ཁང་། ཕྱེས་ན་ཤུར་ཤུར་བཞུར་བའི་རང་བབས་ཆུ། འདི་ལྟ་བུའི་འཚོ་བའི་ཆ་རྐྱེན་ལོ་ངོ་བདུན་བཅུའི་སྔོན་དུ་ཡིད་ལ་ཤར་ཐབས་མེད་པ་ཞིག་ཡིན་པ་རེད་ཅེས་བཤད།  དེ་རྗེས་ང་ཚོ་གྲོས་ཚོགས་ཁང་དུ་ཐོན་པ་ན་ཐོག་མར་མིག་ལ་ཟིན་ཡོང་བ་ནི་ཁང་བའི་ཕུག་གི་མཐོ་ཕྱོགས་ཀྱི་གྱང་ངོས་སུ་བཀལ་ཡོད་པའི་རྒྱལ་ཁབ་ཀྱི་རླབས་ཆེན་འགོ་ཁྲིད་དག་གི་སྐུ་པར་དང་ཕྱོགས་གཉིས་སུ་སྒྲེང་ཡོད་པའི་རྒྱལ་དར་ཡིན་པ་རེད། འདི་ལས་ཀྱང་དགོན་པས་རྒྱལ་ཁབ་ཀྱི་བཀའ་དྲིན་དྲན་པ་དང་བློ་བརྟན་འགྱུར་མེད་ཀྱིས་ཏང་གི་རྗེས་སུ་སྙེག་བཞིན་པ་ཤེས་ཐུབ་པ་རེད།

▲གསར་འགོད་པས་དགོན་པའི་ཀྲུའུ་རེན་པདྨ་རྡོ་རྗེར་བཅར་འདྲི་བྱེད་བཞིན་པ།

        རྒྱལ་གཅེས་ཆོས་གཅེས་གྱི་སྲོལ་རྒྱུན་རྒྱུན་འཛིན་བཟང་བའི་དགོན་པ།

        དགོན་པའི་ར་སྐོར་ནང་དུ་མེ་ཏོག་དང་སྡོང་བོ་སྣ་ཚོགས་བཙུགས་ཡོད་དེ་ལྗང་མདོག་དང་སྐྱེ་ཁམས་ཀྱི་སྣང་བ་ཞིག་གིས་ཁེངས་ཡོད་ལ། དེ་མིན་རྩལ་སྦྱོང་སྒྲིག་ཆས་དང་ངལ་གསོ་སྟེགས་བུ་སོགས་དེང་རབས་གྲོང་ཁྱེར་ནང་དུ་མཐོང་ཐུབ་པའི་སྤྱི་བའི་སྒྲིག་ཆས་སྣ་ཚོགས་ཀྱང་ཡོད། ངལ་གསོའི་སྟེགས་བུའི་སྟེང་དུ་གྲོང་ཚོའི་ནང་གི་ལོ་ལོན་འགའ་རེས་སྐོར་ར་བརྒྱབ་ཚར་རྗེས་ངལ་གསོ་བྱེད་བཞིན་པ་མཐོང་ཞིང་། དྲོད་འཇམ་གྱི་ཉི་འོད་ཁྲོད་ན་ཨ་མྱེ་འགའ་རེས་འགྱིག་རྩེད་བཞིན་ཡོད་ལ། ལོགས་སུ་ཨ་ནེ་འགའ་རེས་ཁ་བརྡ་སྣ་ཚོགས་བྱེད་བཞིན་ཉི་མའི་དྲོད་ལ་རོལ་ནས་སྡད་ཡོད།  མཐོང་སྣང་འདི་དག་ལས་དགོན་པས་ས་གནས་མང་ཚོགས་ལ་ལྷོད་གཡེང་དང་ཞི་མཐུན་གྱི་ཁོར་ཡུག་བཟང་བོ་ཞིག་སྐྲུན་ཡོད་པ་རྟོགས་ཐུབ་ལ། འདི་ལས་ཀྱང་ཆོས་ལུགས་ལས་དོན་གྱིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིགས་ལུགས་དེང་རབས་ཅན་གྱི་བྱ་བཞག་ལ་ཞབས་ཞུ་སྒྲུབ་བཞིན་པ་མཚོན་ཡོད་དེ། ཡོན་ཏན་དགོན་གྱིས་ཐོག་མཐའ་བར་གསུམ་གྱིས་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་གྱི་ཁ་ཕྱོགས་ལ་འབད་པ་ལྷོད་མེད་བྱེད་བཞིན་པ་མཐོང་ཐུབ།

        གཏེར་མ་རོང་གི་ཡུལ་ལུང་གི་གནའ་མོ་ནས་བཟུང་རྒྱལ་གཅེས་རིང་ལུགས་ཀྱི་སྐྱེས་བུ་དམ་པ་འཁྲུངས་སའི་གནས་ཤིག་ཡིན་ཏེ། དཔེར་ན་གངས་རིའི་གླག་རྒོད་ཚེ་རིང་དབང་ལྡན་དང་བྱང་ཚུལ་ཁྲིམས་རྒྱ་མཚོ་འདི་ལྟ་བུའི་བློ་བརྟན་འགྱུར་མེད་ཀྱིས་ཏང་གི་རྗེས་སུ་འབྲང་ནས་མི་དམངས་དང་རྒྱལ་ཁབ་ལ་ཞབས་ཞུ་བསྒྲུབ་པའི་སེམས་འགུལ་ཐེབས་ལ་རྗེས་རབས་པས་ཡི་རངས་བྱེད་འོས་པའི་མི་རིགས་ཀྱི་དཔའ་བོའི་ལོ་རྒྱུས་ཡོད་ལ། འདི་ལྟ་བའི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་དང་ཤུགས་རྐྱེན་ཡོད་པས་དུས་ད་ལྟའང་སྔོན་རབས་དག་གི་སྤྱོད་བཟང་མཐོང་རྒྱུ་ཡོད་པ་རེད། རྒྱུས་ལོན་བྱུང་བ་ལྟར་ན། དགོན་པས་རང་འགུལ་གྱིས་གྲྭ་བ་རྩ་འཛུགས་བྱས་ནས་རྒྱལ་གཅེས་ཆོས་གཅེས་དང་ཀྲུང་དབྱང་གི་སྐབས་བདུན་པའི་བོད་ལྗོངས་བྱ་བའི་བཞུགས་མོལ་ཚོགས་འདུའི་སྙིང་སྟོབས་ལ་སློབ་སྦྱོང་གཏིང་ཟབ་བྱས་ནས། ཏང་གི་ལམ་ཕྱོགས་དང་སྲིད་ཇུས་ཀྱི་ལམ་ཕྱོགས་ལ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱེད་བཞིན་ཡོད་ལ། དགོན་པའི་གྲྭ་བ་ཡོངས་ཀྱིས་ལངས་ཕྱོགས་གསལ་བོས་རྒྱལ་གཅེས་ཆོས་གཅེས་ཀྱི་སྲོལ་རྒྱུན་བཟང་བོ་རྒྱུད་འཛིན་བྱས་ནས་བློ་བརྟན་འགྱུར་མེད་ཀྱིས་ཏང་གི་རྗེས་སུ་འབྲང་བའི་སྲོལ་བཟང་རྒྱུད་འཛིན་བྱེད་བཞིན་ཡོད་པ་རེད།

        ཡང་དགེན་པདྨས་རྒྱལ་ཁབ་ཀྱིས་ལོ་འདི་དག་རིང་ཕྱོགས་ཡོངས་ནས་དགོན་པར་རོགས་སྐྱོར་དང་མཐུན་རྐྱེན་གང་མང་སྐྲུན་ལ། གནའ་སྔ་མོའི་ཆ་རྐྱེན་དང་བསྡུར་ན་དུས་དེ་རིང་ཕྱོགས་གང་ཐད་ནས་གནམ་ས་བླ་འོག་གི་འགྱུར་ལྡོག་ཆེན་པོ་བྱུང་ཡོད། དེ་ཕྱིར་ཡོན་ཏན་དགོན་པའི་གྲྭ་བ་མང་ཚོགས་ཀྱིས་ཐོབ་དཀའ་བའི་ད་ལྟའི་ཚོ་བ་འདིར་གཅེས་སྤྲོས་བྱེད་ལ། ནམ་ཡང་ཏང་གི་དྲིན་ལན་དྲན་བཞིན་ཡོད་ཅེས་བཤད།

▲དགོན་པའི་ར་སྐོར་ནང་གི་རྣམ་པ།

        བོད་སྨན་གྱིས་མང་ཚོགས་ལ་ཞབས་ཞུ་བསྒྲུབ་པ།

        ལོག་སྨྲ་ཚར་གཅོད་སྒྲ་དང་ཚད་མ་དང་། སྐལ་ལྡན་རྗེས་འཛིན་བཟོ་གསོ་སྙན་ངག་ཡིན་ཞེས་བོད་ཀྱི་རིག་གནས་ཆེ་བ་ལྔའི་ཡ་གྱལ་དཔལ་ལྡན་གསོ་བ་རིག་པ་དེ་ཡང་ཡོན་ཏན་དགོན་དུ་དར་ཁྱབ་ཆེན་པོ་ཡོད་ལ།  ང་ཚོའི་བདེ་ཆེན་ཁུལ་དང་མཐའ་ན་ཁམས་ཕྱོགས་ན་སྐད་གྲགས་ཆེན་པོ་ཡོད་པ་རེད། གནས་འདི་ཡང་བདེ་ཆེན་ཁུལ་གྱི་བོད་ལུགས་གསོ་རིག་འཕེལ་རྒྱས་ཀྱི་གཞི་འཛུགས་ས་དང་གོམ་པ་ཐོག་མ་སྤོ་ས་ཡིན་ཞེས་བསྟོད་བསྔགས་བྱས་ཆོག་ཡིན། ཡང་འདི་ལྟ་བུའི་རླབས་ཆེན་གྱི་ལས་དོན་ཞིག་འཕེལ་རྒྱས་བྱུང་བར་རླབས་ཆེན་གྱི་སྐྱེས་ཆེན་དམ་ཞིག་གི་སྙིང་སྟོབས་དང་བློ་སྟོབས། རིག་པའི་མཁྱེན་རྒྱ་སོགས་ལ་ཡང་ཁ་འབྲལ་ཐབས་མེད་དེ། དེ་ནི་དགོན་པ་འདི་ཕྱག་འདེབས་མཁན་གྱི་སྐྱེས་ཆེན་དམ་པ་བྱང་ཚུལ་ཁྲིམས་རྒྱ་མཚོ་ཡིན་པ་རེད།

▲བོད་ཀྱི་སྨན་པ་གྲགས་ཅན་བྱང་ཚུལ་ཁྲིམས་རྒྱ་མཚོ།

        བྱང་ཚུལ་ཁྲིམས་རྒྱ་མཚོ་ནི་1925ལོར་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གཏེར་མ་རོང་སྟོད་རྒྱུད་ཀྱི་གྲོང་པ་ཞིག་ནས་སྐུ་འཁྲུངས་ཤིང་། ལོ་ལྔ་ནས་བཟུང་རབ་ཏུ་བྱུང་ནས་བོད་ཡིག་དང་ཆོས་གཞུང་ལ་སྦྱང་བ་བྱེད་འགོ་བརྩམས་ལ། ལོ་བཅོ་བརྒྱད་ནས་བཟུང་བོད་སྨན་ལ་སྦྱངས་ཤིང་། རྩ་བའི་གཞུང་ལུགས་ལ་སྦྱང་བ་ཧུར་ཐག་བྱས་རྗེས་རིམ་བཞིན་གཅིན་ལ་བརྟག་པ་དང་རྩ་ལ་ལྟ་བ། སྨན་རྩ་སྡེབ་སྦྱོར་སོགས་ལག་ལེན་བྱེད་པའི་འགོ་བརྩམས་པ་རེད།  བཅིངས་གྲོལ་བཏང་རྗེས་ཁོང་ཉིད་སྔ་རྗེས་སུ་བོད་ལྗོངས་དང་སི་ཁྲོན་དཀར་མཛེས་སོགས་སུ་སློབ་སྦྱོང་བྱེད་དུ་སོང་ལ།  ལོ་མང་བོའི་རིང་འབད་བརྩོན་ལྷོད་མེད་དང་ལག་ལེན་བྱས་པ་བརྒྱུད་བོད་སྨན་གྱི་གཞུང་ལ་སྦྱང་བ་མཐིལ་ཕྱིན་བྱས་ཤིང་། ལག་ལེན་ཁྲོད་ཉམས་མྱོང་ཕུན་སུམ་ཚོགས་པ་ཐོབ་སྟེ། 《བོད་སྨན་བཅོས་བཏུས་》དང་《བདེ་ཆེན་བོད་སྨན་》ཞེས་པའི་གསོ་རིག་བརྩམས་ཆོས་གཉིས་བརྩམས་ཤིང་རིམ་བཞིན་རང་ཉིད་ཀྱི་སྨན་བཅོས་བྱེད་ཐབས་ཤིག་ཆགས་པ་རེད།  འདི་ལྟར་མི་ཚེ་ཧྲིལ་བོར་སྨན་བཅོས་ཞབས་ཞུའི་ལས་རིགས་འདིར་ཞུགས་ནས་བདེ་ཆེན་རོང་འབྲོག་མང་ཚོགས་ལ་ཤི་གསོས་སྲོག་སྐྱོབ་ཀྱི་དགེ་ལས་བསྒྲུབ་པ་རེད།  

▲དགོན་པའི་སྨན་པ་གྲྭ་ཚང་གི་ཟུར་གཅིག 

        དེ་ཕྱིར་དགོན་པའི་བོད་སྨན་ཕྱོགས་ལ་རྒྱུས་ལོན་ཐེངས་ཤིག་བྱ་རྒྱུ་ནི་ཐེངས་འདིའི་ང་ཚོའི་བཅར་འདྲིའི་ནང་དོན་གལ་ཆེན་ཞིག་ཡིན།  སྟབས་ལེགས་པ་ཞིག་ལ་ཕྱི་དྲོའི་མཚམས་སུ་ང་ཚོས་ཡོན་ཏན་དགོན་སྨན་པ་གྲྭ་ཚང་གི་དགེན་ཀརྨ་ལགས་ལ་བཅའ་འདྲི་བྱེད་པའི་སྐལ་བ་བཟང་བོ་ལྡན་བྱུང་།  དགེན་ཀརྨ་ལགས་ནི་བྱང་ཚུལ་ཁྲིམས་རྒྱ་མཚོའི་སློབ་མ་ཞིག་ཡིན་ལ། ལོ་བཅུ་ལྷག་ནས་བཟུང་རབ་ཏུ་བྱུང་སྟེ་དགོན་པ་འདི་ནས་དཔལ་ལྡན་གསོ་བ་རིག་པར་སྦྱང་བ་ལྷུར་ཐག་བྱས་ཤིང་། དུས་དེ་རིང་ལོ་ངོ་ཉི་ཤུ་ལྷག་འགོར་ཡོད་པར་བཤད།  དགོན་པའི་སྨན་པ་གྲྭ་ཚང་ནི་དགོན་པའི་ཤར་ཕྱོགས་སུ་ཡོད་ལ། དགེན་ཀརྨ་ལགས་ཀྱི་སྣེ་ཁྲིད་འོག་ང་ཚོ་བཅར་འདྲི་ཚོ་ཆུང་ཡོན་ཏན་དགོན་པའི་སྨན་པ་གྲྭ་ཚང་དུ་ཐོན། སྐད་གྲགས་ཕྱོགས་བཞིར་ཁྱབ་པའི་ཡོན་ཏན་དགོན་གྱི་སྨན་པ་གྲྭ་ཚང་གི་ཕྱིའི་བཀོད་པ་དེ་འདྲའི་རྗིད་ཅིང་རྔམ་པ་ཞིག་མིན་ཏེ་དམའ་ཞིང་ཆུང་བའི་ཁང་བ་གཉིས་ཐོག་གཅིག་ལས་མེད།  འོན་ཀྱང་བོད་གནའ་བོའི་གསོ་བ་རིག་པའི་རིག་གནས་ཀྱི་གཅེས་ནོར་མང་བོ་སྲུང་སྐྱོབ་བཟང་བོ་བྱས་ཡོད་ལ། ཤུལ་བཞག་རིག་རྫས་མང་བོ་ད་ལྟའང་མཐོང་རྒྱུ་འདུག   དཔེར་ན་ཤིང་སྟག་པའི་ཤུན་པགས་ཀྱིས་བཟོས་པའི་སྨན་སྣོད་དང་གླ་པགས་ཀྱི་སྨན་ཁུག  སྨན་སྤྱོད་ཡོ་བྱད།  དེ་མིན་དགོན་པའི་སྨན་པ་གྲྭ་ཚང་གི་གྲྭ་བ་རྣམས་ཀྱི་སྨན་རྩྭ་འཐུས་ནས་སྡེབ་སྦྱོར་བྱས་པའི་སྨན་རིགས་བརྒྱ་ལྷག་སོགས་རིན་བྲལ་གྱི་རིག་རྫས་སྣ་ཚོགས་ཡོད། དགེན་ལགས་ཀྱིས་ང་ཚོར་རིག་དངོས་འདི་དག་ངོ་སྤྲོད་བྱེད་པའི་སྐབས་སུ་ཁོང་བཙལ་ནས་ནད་ལ་ལྟ་མཁན་དང་སྨན་ལེན་དུ་ཡོང་མཁན་རྒྱུན་མི་ཆད་ལ། སྐབས་རེར་སྐོར་དུ་ཅུང་ཚང་ཁ་ཤིག་ཤིག་ཏུ་སྣང་།

▲དགེན་ཀརྨ་ལགས་ཀྱིས་ནད་པའི་གཅིན་ལ་བརྟག་བཞིན་པ།

        ལོ་རྒྱུས་ཀྱི་རྒྱུན་རིང་བའི་བོད་སྨན་གྱི་གཞུང་ནང་གཅིན་ལ་བརྟག་པ་ནི་ཅུང་མངོན་མཐོན་དང་དམིགས་བསལ་གྱི་ནད་རིགས་བརྟག་ཐབས་ཤིག་ཡིན་ལ། གཙོ་བོ་གཅིན་གྱི་མདོག་དང་དྭངས་རྙོག དྲི་མ་སོགས་ལ་བརྟག་ནས་ནད་ལ་དཔྱད་ཐབས་ཤིག་ཡིན་པར་བཤད་ལ། འདི་ཡང་དགེན་ཀརྨ་ཡིས་ལོ་མང་བོར་སྨན་གཞུང་ལ་སློབ་སྦྱོང་མཐིལ་ཕྱིན་པ་དང་ལན་ལེན་མང་བོ་བྱེད་པ་ལས་ཐོབ་པའི་ཉམས་མྱོང་ཡིན་པ་རེད། ཉིན་དེར་ཡང་དགེན་ཀརྨ་ཡིས་སྐེད་པ་དང་ཁོག་པ་ན་བའི་ནད་པ་འགའི་གཅིག་ལ་བརྟག་ཅིང་།  ནད་རྟགས་ངོས་འཛིན་བྱས་རྗེས་སྨན་སྟེར་བ་རེད།

        དགེན་ཀརྨས་བཤད་པ་ལྟར་ཡོན་ཏན་དགོན་གྱི་སྨན་པ་གྲྭ་ཚང་དུ་སྨན་བཅོས་བྱེད་དུ་ཡོང་མཁན་གཏེར་མ་རོང་ས་གནས་ཁོ་ན་མ་ཡིན་པར་བདེ་ཆེན་གྱི་ཡུལ་ལུང་གཞན་པ་དང་དཀར་མཛེས་ཁུལ་གྱི་སྡེ་རོང་དང་ཕྱག་ཕྲེང་། འདབ་པ་སོགས་ནས་ཡོང་མཁན་ཡང་མང་བོ་ཡོད་ལ། སྨན་སྣ་མང་བོ་ཡང་རིན་མེད་ཀྱིས་སྟེར་བཞིན་ཡོད་པ་རེད། ཉིན་དེར་དགོན་པའི་ནང་ན་གནས་འདིར་སྨན་བཅོས་བྱེད་དུ་ཡོང་ནས་ལོ་ཕྱེད་ཙམ་འགོར་ཡོད་པའི་སྐད་ཚགས་ཡུལ་གྱི་ནད་པ་ཆོས་འཕེལ་ཞེས་པའི་ལོ་ལོན་ཞིག་ཡོད་དེ། ཁོང་གིས་ང་འདིར་མ་ཡོང་གོང་རྒལ་ཚིག་ན་ནས་དྲང་མོར་ལངས་མི་ཐུབ་པ་ཞིག་ཡིན་ལ། འདི་ནས་ཟླ་འདི་དག་རིང་སྨན་བཅོས་བྱས་པ་བརྒྱུད་ད་ལྟ་དྲང་མོ་འགྲོ་ཐུབ་པ་ཆགས་སོང་ཞེས་བཤད།

▲སྟག་པའི་ཤིང་པགས་་ཀྱིས་བཟོས་པའི་སྨན་སྣོད།

        དགེན་ཀརྨ་ལགས་ཀྱིས་ང་ཚོས་ལོ་འདི་དག་རིང་འདི་ལྟ་བའི་སྨན་རིགས་མང་བོར་རིན་མེད་ཀྱི་སྨན་བཅོས་བྱེད་པའི་སྤྱོད་བཟང་རྒྱུད་འཛིན་བྱེད་པ་ནི་བྱང་ཚུལ་ཁྲིམས་རྒྱ་མཚོ་ཁོང་ཉིད་ཀྱིས་དགོན་པའི་སྨན་པ་གྲྭ་ཚང་འཛུགས་པའི་ཐོག་མའི་སེམས་འདུན་ཡིན་ལ། གཞན་ཕན་དགེ་སྒྲུབ་ཀྱི་རབ་བྱུང་བའི་སྤྱོད་བཟང་ལ་ཡང་མཐུན་ཏེ་ང་ཚོང་མི་མཐུད་དུ་སྤྱོད་བཟང་འདི་རྒྱུད་འཛིན་དང་དར་སྤེལ་གཏོང་རྒྱུ་ཡིན་ཞེས་བཤད། འདི་ལྟ་བའི་སྤྱོད་བཟང་ཡང་ཆོས་ལུགས་ཀྱི་སྤྱི་ཚོགས་རིང་ལུགས་བྱ་བཞག་ཞབས་ཞུ་སྒྲུབ་ཞེས་སྤྱིའི་ལམ་ཕྱོགས་ལ་ཡང་མཐུན་པ་རེད།