ལུས་ཀྱི་པགས་པའི་བདེ་སྲུང་ཤེས་བྱ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-03-31   རྩོམ་ཁུངས།    གསོ་རིག་རྒྱུན་ཤེས་འཕྲིན་སྟེགས།

        མི་གང་ཞིག་ཡིན་རུང་རྒྱུན་དུ་ཆུ་གྲང་གཙང་མས་ལུས་པོ་ཡང་ཡང་འཁྲུ་བ་དང་ལྷག་པར་སྟོན་ཟླ་བརྒྱད་པའི་ནང་གཙང་པོའི་ཆུ་སོགས་ཆུ་གྲང་མོས་ཁྲུས་བྱས་ན་རོ་ཙ་འཕེལ་བ་དང་ལུས་ཕྱི་ནང་གི་དྲོད་སྐྱེ་ཞིང་སྟོབས་འཕེལ་བ། ཚེ་རིང་ཞིང་ལུས་ཀྱི་མདངས་བཀྲ་བ། ལུས་གཡའ་བ་སོགས(ཟ་འཕྲུག་ལངས་བ)དང་ལུས་རྔུལ་བ། དྲི་མ་ཆེ་བ། སྒྱིད་ལུག་སྐྱེ་བ་བཅས་སེལ་ཞིང་གཞན་ཡང་ཁ་སྐོམ་པ་དང་ཚ་བའི་རང་བཞིན་གྱི་ནད་རྣམས་སེལ་བར་བྱེད། འོན་ཀྱང་རྒྱུན་དུ་ཆུ་དྲོན་མོས་མགོ་བཀྲུས་ན་སྐྲ་དང་མིག་ལ་ཧ་ཅང་གནོད་པས་སྐྲ་བུད་པ་དང་མིག་གི་དབང་པོའི་མདངས་འཕྲོག་སྟེ་མིག་འགྲིབ་སྲིད། ལྷག་པར་ཚ་བའི་རང་བཞིན་གྱིས་ཁོག་པ་བཤལ་བ་དང་ཁོག་པ་སྦོས་པ། ཆམ་པ་ཕོག་པ་། ཁ་ཟས་མ་ཞུ་བའི་ནད་དང་སྣ་ནད་ཡོད་མཁན་བཅས་དང་ཁ་ཟས་བཟས་མ་ཐག་པའི་དུས་སུ་ཆུ་དྲོན་མོས་ལུས་པོ་འཁྲུ་མི་ཉན་པས་སྤང་བར་བྱ་དགོས། གཞན་ཡང་རྟག་ཏུ་ཞོགས་པ་དང་དགོང་མོ་ཉལ་ཁར་གདོང་པ་དང་རྐང་པ་འཁྲུ་བ་དང་ཁ་ཟས་མ་བཟས་གོང་ལ་ལག་པ་འཁྲུ་བ། གྱོན་གོས་གཙང་མ་ཡང་སེ་བརྗེ་བ། དུས་ཚོད་ངེས་གཏན་ནང་ཉི་མ་མི་སྲོ་བ་བཅས་རྒྱུན་འཁྱོངས་བྱས་ཚེ་ལུས་ཁམས་བདེ་སྲུང་དང་ནད་གཞི་སྔོན་འགོག་བྱེད་ཐུབ།